རྒྱ་གཞུང་གིས་བོད་དང་ནང་སོག་ནང་རྟོག་ཞིབ་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་བོད་དང་ནང་སོག་གི་དབུལ་སྒྲོལ་འགག་སྒྲོལ་ལས་གཞིའི་ཐད་རྟོག་ཞིབ་རུ་ཁག་ཆེད་གཏོང་གིས་ལྐོག་ཟ་རུལ་སུངས་པ་དང་ལྐོག་རྔན་བླངས་བའི་མགོ་འཁྲིད་དང་ལས་བྱེད་བདའ་འདེད་གཏོང་རྒྱུ་ཡིན་ཟེར།
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མི་རིང་བར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༩ པའི་རྟོག་ཞིབ་ཚོགས་ཆུང་ཟེར་བ་བོད་ཁུལ་དང་ནང་སོག་གཉིས་སུ་ལྟ་སྐོར་འགྲོ་འཆར་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་དང་བསྟུན་ས་གནས་ཁག་གི་སློབ་གསོ་ལས་དོན་ཁང་དང་འཕྲོད་བསྟེན། ཞིང་ལས་དང་འགྲིམ་འགྲུལ་ལས་ཁུངས་སོགས་ཚན་པ་མི་འདྲ་བའི་ལས་ཁུངས་ ༢༦ ལྷག་ལ་རྟོག་ཞིབ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཐེངས་འདིའི་རྟོག་ཞིབ་འདི་ནི་ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་གཙོའི་གྲངས་ཉུང་མི་རིགས་ཁག་གི་ནང་ཆེད་དམིགས་དབུལ་སྒྲོལ་འགོག་སྒྲོལ་ཞེས་པའི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ནང་དབུལ་སྒྲོལ་རོགས་སྐྱོར་ཆེད་དངུལ་ཕོན་ཆེན་བཏང་ཡོད་ཟེར་བར་ཉམས་ཞིབ་དང་། གཞན་ཐེངས་འདིའི་རྟོག་ཞིབ་དང་འབྲེལ་ས་ཁུལ་ཡར་རྒྱས་སོང་མེད་པ་དང་གོང་རིམ་མགོ་འཁྲིད་ཀྱིས་འཇོན་ནུས་ཀྱིས་མ་འདང་བ་དང་ལྐོག་ཟ་རུལ་སུངས་བ། ལྐོག་རྔན་བླངས་བའི་མགོ་འཁྲིད་དང་ལས་བྱེད་པ་བཅས་བདའ་འདེད་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

རྟོག་ཞིབ་བྱ་སའི་ལས་ཁུངས་ཁག་ནི་རྒྱལ་ཁབ་ཡར་རྒྱས་ལྷན་ཁང་དང་ཤེས་ཡོན་ལྟེ་གནས་ཁག དམར་ཤོག་ཚོགས་པའི་དམངས་སྲིད་ལས་ཁུངས་ཁག་དང་དཔལ་འབྱོར་ལས་ཁུངས་ཁག སྡོད་ཁང་འཛུགས་སྐྲུན་ལས་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས། ཆུ་འདྲེན་ལས་ཁུངས་དང་ཞིང་ལས་གྲོང་གསེབ་ལས་ཁུངས་། འཕྲོད་བསྟེན་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བའི་དབུལ་སྐྱོར་གསར་སྤེལ་ཡན་ལག་ལས་ཁུངས། རྒྱ་ནག་ཞིང་ལས་འཕེལ་རྒྱས་དངུལ་ཁང་། རྒྱ་ནག་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་ཟེར་བ་སོགས་ཀྱིས་ས་གནས་མི་མང་གི་དབུལ་སྒྲོལ་ཐད་ལས་དོན་ག་འདྲ་བྱེད་ཀྱི་ཡོད་པའི་ཐད་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ནང་དེ་སྔ་ནས་རྟོག་ཞིབ་རུ་ཁག་ཟེར་ཐེངས་མང་པོར་བཏང་ཡོད་པ་དང་། དེ་སྔ་རྟོག་ཞིབ་སྙན་ཐོའི་ནང་དབུལ་སྒྲོལ་ལས་གཞི་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཡུལ་མི་ཁྲི་སྟོང་མང་པོ་དབུལ་བོ་ལས་ཐར་ཡོད་སྐོར་སོགས་དྲིལ་བསྒྲགས་ཁོ་ནར་དམིགས་པའི་སྙན་ཐོ་བཏོན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་དབུལ་སྒྲོལ་ཡིག་ཆའི་ནང་སྲིད་འཛིན་ཞི་ཅིན་ཕིན་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་དུང་བརྡ་བསྒྲགས་པ་ནས་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་ཁྲི་སྟོང་དབུལ་བོ་ལས་སྒྲོལ་ཡོད་པ་དང་། ཕྱི་ལོ་༢༠༡༣ ལོ་ནས་ ༢༠༡༦ བར་གྱི་ལོ་བཞིའི་རིང་ལོ་རེར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་ ༡༠༠༠ ཉུང་དུ་ཕྱིན་ཡོད་པ་དང་། མི་ཁྲི་ ༥༥༦༤ དབུལ་སྒྲོལ་ལས་ཐར་ཡོད་ལུགས་བསྒྲགས་ཡོད་པ་རེད།

ཡིན་ན་ཡང་། ད་ལོའི་ཕྱི་ཟླ ༧ ནང་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་རྒྱལ་ཡོངས་སུ་སྤེལ་བཞིན་པའི་དབུལ་སྐྱོར་འགག་སྒྲོལ་ལས་འགུལ་ཁྲོད། ས་ཆ་མང་པོར་དབུལ་སྐྱོར་འགག་སྒྲོལ་ནི་མགོ་འཁྲིད་ཚོས་རང་ཉིད་ཀྱི་ཁམས་མོས་ཙམ་ལས་མི་མང་གི་འདོད་བློ་ཁེངས་མིན་ལ་མི་ལྟ་བར། ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་མིན་ལ་བསམ་བློ་མ་བཏང་བར་བརྟེན་ལས་གཞི་དེར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང་། ཕམ་ཉེས་བྱུང་དགོས་པའི་རྒྱུ་རྐྱེན་ཆེན་པོ་དྲུག་ཞེས་པ་ཞིག་བཏོན་ནས་རྗེས་ཕྱོགས་རྒྱུ་རྐྱེན་དྲུག་དེར་བསམ་བློ་མ་བཏང་ན་དབུལ་སྒྲོལ་ལས་གཞི་སྔར་ལས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༡༥

Leave a Reply

One thought on “རྒྱ་གཞུང་གིས་བོད་དང་ནང་སོག་ནང་རྟོག་ཞིབ་བྱ་རྒྱུ་ཡིན་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    དབུལ་སྐྱོར་འགག་སྒྲོལ་རེད་དམ་དབུལ་བཟོ་འགག་སྲུང་རེད་གསལ་པོ་ཤེས་མ་སོང་
    བོད་དང་ནང་སོག་ནང་བཙན་གནོན་གཉིས་པ་བྱེད་འཆར་ཡིན་པ་ལས་དབུལ་
    སྐྱོར་འགག་སྒྲོལ་ཟེར་བའི་ཐ་སྙད་འདིའི་གོ་དོན་གསལ་པོ་མ་རྟོགས་ཀྱང་དོན་དངོས་
    བོད་མིའི་འཚོ་བ་ལ་གྱོང་སྤྲོད་རྒྱུའི་ཁ་སྙན་ཚིག་འཇམ་རྒྱུད་ནས་ལས་གཞི་འདི་སྤེལ་
    ནས་འཛམ་གླིང་མི་མང་ལྐུག་པ་བཟོ་བཞིན་པ་མ་རེད་དམ་།