ངོས་རང་ཧི་མ་ཅལ་མངའ་སྡེའི་མི་སེར་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཧི་མ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བརྙན་ལམ་བརྒྱུད་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་འདུགཁ་སང་ཕྱི་ཚེས་ ༡༥ ཉིན།  བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི(Ridge)ཞེས་པའི་ཐང་ཆེན་དུ་ཧི་མ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་ཝར་བྷ་དྷཱ་རཱ་སིང(Virbhadra Singh )མཆོག་དང་།  མངའ་སྡེའི་སྲིད་སྐྱོང་ཨ་ཅཱརྱ་དྷེ་ཝ་ཝེ་རཱ་ཊི་(Acharya Dev Vrat) ལགས། མངའ་སྡེ་གཞུང་གི་འཕྲོད་བསྟེན་དང་ཞིང་ཆུ་འདྲེན་གཏོང་བློན་ཆེན་སྐུ་ཞབས་མ་མཱ་ཧཱན་དྷར་ཐཱན་ཀཱར་( Mahender singh Thakur) ལགས་སོགས་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ཕེབས་ཏེ་གསུང་བཤད་གནང་ཡོད་འདུག

མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བརྙན་ཐུང་ཞིག་བསྩལ་གནང་བ་གཟིགས་འབུལ་ཞུས་ཡོད་པ་དང་། བརྙན་ཐུང་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀུར་འོས་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། ངོས་ཀྱིས་དུས་རྒྱུན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་སྲིད་སྐྱོང་མཆོག་རྣམ་གཉིས་ངོས་ཀྱི་སྤྱི་ཁྱབ་བློན་ཆེན་དང་སྲིད་སྐྱོང་དུ་ངོས་འཛིན་བྱེད་བཞིན་ཡོད། ངོས་རང་ཕྱི་ལོ་  ༡༩༦༠ ལོའི་དབྱར་ཁ་ས་གནས་འདིར་འབྱོར་བ་ནས་འདས་པའི་ལོ་ངོ་ ༥༩ རིང་ཧི་མ་ཅལ་མངའ་སྡེའི་ནང་བསྡད་པ་ཡིན།  དེར་བརྟེན་ངོས་ཀྱིས་རང་ཉིད་ཧི་མ་ཅལ་མངའ་སྡེ་འདིའི་མི་སེར་ཞིག་ཡིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ངོས་རང་ཀང་ར་རྫོང་དུ་བསྡད་པར་སྤྲོ་སྣང་བྱུང་། ཞེས་གསུངས་འདུགཡང་བརྙན་ཐུང་ནང་ལོ་རྒྱུས་ནང་ཧི་མ་ཅལ་མངའ་སྡེའི་ནང་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་མང་པོ་ཡོད་པས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་དགོས་པའི་སྐོར་ལ་ཁོང་གིས།  ངོས་རང་ད་བར་རྒྱལ་ཁབ་ཡུལ་གྲུ་ཁག་འདྲ་མིན་ནང་ཕྱིན་པ་དང་། དེ་བཞིན་ཚན་རིག་པ་དང་ཆེད་མཁས་པ་ཚོ་ལྷན་དུ་བགྲོ་གླེང་བྱས་པ་བརྒྱུད་ཉམས་མྱོང་རྣམས་ཕྱོགས་བསྡོམས་བྱེད་སྐབས།  དེ་རིང་ཁ་སང་འཛམ་གླིང་ནང་ཆགས་སྡང་གི་དབང་གིས་སེམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་ར་འཕྲོད་བྱུང་ལ། དེ་འདྲའི་གནས་སྟངས་སྐབས་སུ་ཆགས་སྡང་གི་བློ་དེ་དག་འཇོམས་པར་བྱེད་པ་ལ་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་ཧ་ཅང་དགོས་མཁོ་ཡོད་པ་ཞིག་ཏུ་གྱུར་འདུག་སྙམ་པས། འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ངོས་ཀྱིས་དུས་རྟག་ཏུ་འགྲོ་བ་མིའི་སེམས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད། འགྲོ་བ་མིའི་སེམས་རྒྱུད་ཀྱི་རིན་ཐང་དེ་དག་དང་པོ་རྒྱ་གར་ནང་གོང་མཐོར་གཏོང་དགོས།  རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ཇི་ལྟར་བསྐྱར་གསོ་བྱ་རྒྱུ་ཙམ་ཡིན། ང་ཚོས་ཉར་ཚགས་བྱས་པ་དང་ཉམས་ལེན་བྱེད་བཞིན་པའི་ཤེས་བྱ་དེ་དག་རྒྱ་གར་ནས་དར་བ་ཞིག་ཡིན། དེར་བརྟེན་བློའི་རྣམ་བཞག་དང་འབྲེལ་བའི་རྒྱ་གར་གནའ་བོའི་རིག་གཞུང་དེ་དག་རྒྱ་གར་ནང་བསྐྱར་གསོ་བྱ་རྒྱུ་ལས་སླ་བ་ཡོད། ལོ་རྒྱུས་ཐོག་ནས་ཧི་མ་ཅལ་མངའ་སྡེ་ནང་ལ་ཧོལ་དང་བྷལ་ཏེ་སོགས་ནང་པ་སངས་རྒྱས་པའི་རྗེས་འབྲང་བ་རེད། ཡུལ་དེའི་མང་ཚོགས་ནས་ཀྱང་རྒྱ་གར་གནའ་བོའི་རིག་གཞུང་ཐོག་སློབ་གཉེར་བྱ་རྒྱུའི་འདོད་པ་ཧ་ཅང་ཆེན་པོ་ཡོད། ས་གནས་དེར་ཚོགས་པ་ཞིག་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ནི། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་དེ་དག་ནང་པའི་ལྟ་གྲུབ་སྐོར་སློབ་གཉེར་བྱེད་སའི་བསྟི་གནས་ཁང་དུ་བཟོ་སླད་ཡིན་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ནང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་མང་པོ་ཡོད་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཀྱང་མཁྱེན་གྱི་ཡོད། ཉེ་ཆར་ངོས་ཀྱིས་རྒྱ་གར་གཞུང་གི་མཐོ་སློབ་ཁག་གི་མགོ་ཁྲིད་ཚོ་དང་ལྷན་དུ་རྒྱ་གར་གནའ་བོའི་རིག་གཞུང་སླར་གསོ་ཇི་ལྟར་བྱ་རྒྱུའི་སྐོར་བགྲོ་གླེང་བྱས་པ་ཡིན། སྐབས་དེར་ངོས་ཀྱིས་རྒྱ་གར་གནའ་བོའི་རིག་གཞུང་དེ་དག་དེང་རབས་རྒྱ་གར་ནང་བསྐྱར་གསོ་བྱེད་རྒྱུའི་དུས་ལ་བསླེབས་འདུག ང་ཚོས་དེའི་ཐོག་བྱེད་སྒོ་རིམ་པ་སྤེལ་དགོས་པ་དང་། ཐོག་མར་དགེ་རྒན་ཁ་ཤས་ལ་སྦྱོང་བརྡར་སྤྲོད་དགོས། དེ་འདྲའི་སྦྱོང་བརྡར་སྤྲོད་པར་དྷ་རམ་ས་ལ་ཆ་བཞག་ན་ང་ཚོས་ལས་སླ་པོའི་ངང་ནས་གོ་སྒྲིག་བྱེད་ཐུབ། དེ་ལྟར་བྱུང་ན་ང་ཚོས་མངའ་སྡེའི་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུས་པའི་ཆ་ཤས་ཤིག་རེད། ཅེས་གསུངས།

ཡང་ཁོང་ཉིད་ཀྱིས་ཧི་མ་ཅལ་མངའ་སྡེའི་འདས་པའི་ལོ་ངོ་དེ་དག་རིང་བཙན་བྱོལ་བོད་མི་ཚོ་དང་བོད་དོན་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་དོན། ངོས་ཀྱིས་ཧི་མ་ཅལ་མངའ་སྡེའི་ནང་འཚོ་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་སྟོང་ཕྲག་འགའ་ཤས་ཀྱི་ཚབ་ཞུས་ཏེ་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་མངའ་སྡེ་གཞུང་མང་གཉིས་ལ་སྨོན་ལམ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་བར་ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ང་ཚོས་དྲན་བཞིན་ཡོད། ངོས་ཀྱིས་དུས་རྒྱུན་དུ་སྨོན་ལམ་རྒྱག་སྐབས་ཁོང་རྣམ་པ་དྲན་བཞིན་ཡོད། གཞན་ཡང་ངོས་ཀྱིས་ད་ལྟའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་མངའ་སྡེའི་སྲིད་སྐྱོང་མཆོག་དང་། དེ་བཞིན་བློན་ཆེན་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལས་ཡུན་རིང་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་ལམ་ཡོད། རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། གནའ་བོའི་རིག་གཞུང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་དང་ཨེ་ཇིབ་ཀྱི་གནའ་བོ་རིག་གཞུང་གི་ཁྲོད་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནི།  ཧ་ཅང་སྔོན་ཐོན་ཅན་ཞིག་རེད་བསམ་གྱི་འདུག  ངོས་རང་རྒྱ་གར་གནའ་བོའི་རིག་གཞུང་ལ་སློབ་སྦྱོང་བྱེད་མཁན་སློབ་མ་ཞིག་ཡིན་པའི་ཆ་ནས་སེམས་ལ་སྤོབས་པ་སྐྱེ་ཡི་ཡོད།  དེ་བཞིན་རྒྱ་གར་བ་ཚོས་ཀྱང་རང་ལ་རིག་གཞུང་འདི་འདྲའི་ཕྱུག་པོ་ཡོད་པས་སེམས་ལ་སྤོབས་པ་སྐྱེ་དགོས། ཞེས་གསུངས་འདུགགཞན་ཡང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསུང་བཤད་གནང་སྐབས། བོད་མི་ཚོར་རྒྱ་གར་གཞུང་མང་གཉིས་ནས་ད་བར་རོགས་སྐྱོར་གནང་བ་ལྟ་བུ་སུས་ཀྱང་གནང་མྱོང་མེད་པ་དང་། ལྷག་པར་དུ་ཧི་མ་ཅལ་མངའ་སྡེའི་ནང་བོད་པ་ཚོ་ནང་མི་གནང་བཞིན་ཡོད་པར་བཀའ་དྲིན་ཆེ་ཞུ་བ་དང་།  བོད་ནང་ལ་མཚོན་ན། རྒྱ་ནག་གཞུང་གིས་རང་བྱུང་གཏེར་ཁ་སྔོག་འདོན་གྱི་ཆེད་དུ་རི་ལུང་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པས། བོད་ནང་གི་བོད་མི་ཚོས་དེར་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡིན་སྐོར་དང་།  དེ་བཞིན་རྒྱའི་སྐད་ཡིག་སྤྱི་སྐད་དུ་འཇོག་པའི་བཀའ་ཁྱབ་དེར་སློབ་གྲྭ་ཆེ་ཆུང་གི་སློབ་མ་མང་པོས་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

ཡང་ཁོང་གིས། བོད་ནང་གི་བོད་མི་རྣམས་དུས་ད་ལྟ་བར་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ད་བར་བོད་མི་ ༡༥༢ ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད་པ་རེད། ཁོ་ཚོའི་རེ་བ་ནི་རྒྱ་ནག་གཞུང་གི་བཙན་གནོན་འོག་ལ་འདུག་འདོད་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ཆིབས་སྒྱུར་བསྐྱང་རྒྱུ་དེ་རེད། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་རྒྱ་གར་དུ་འཚོ་སྡོད་ཀྱིས་རྒྱ་གར་དེ་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད་ཀྱང་། ང་ཚོའི་དམིགས་ཡུལ་ནི་བོད་ནང་ལོག་རྒྱུ་དེ་ཡིན་པས། རྒྱ་གར་གཞུང་མང་གཉིས་ནས་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་སོགས་གསུངས་ཡོད་པ་རེད།

ཐེངས་འདིའི་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་འཕགས་བོད་གཉིས་ཀྱི་གནའ་དེང་གི་འབྲེལ་ལམ་སྐོར་པར་རིས་འགྲེམས་སྟོན་དང་། བོད་ཀྱི་ཟློས་གར་ཚོགས་པས་གཞས་སྣ་འཁྲབ་སྟོན། སིམ་ལར་རྟེན་གཞི་བྱས་པའི་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དང་སིམ་ལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཐུན་མོང་ནས་བོད་ཀྱི་ཐུན་མིན་རིག་གནས་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་བཞེངས་པ་བརྒྱུད་ཧི་མ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་གོ་རྟོགས་སྤེལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༡༦

Leave a Reply