བོད་ནང་ཆར་རྫས་ཤུགས་ཆེན་གཏོང་འཆར་འདུག

བོད་ནི་རྒྱ་ནག་གི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པས་རྒྱ་ནག་གཞུང་གིས་བོད་ནང་ཆར་བ་འབབ་ཚད་ཤུགས་ཆེ་རུ་གཏོང་བའི་འཕྲུལ་ཆས་ཤིག་འཛུགས་བཞིན་ཡོད་འདུགའོད་སྟོང་ལྡན་པའི་འབྱུང་འགྱུར་ (Next Big Future)ཚན་རིག་དྲ་བའི་ཐོག་རྒྱ་ནག་གཞུང་འབྲེལ་གྱི་མཁའ་དབྱིངས་ཚན་རྩལ་དང་འཕྲུལ་རིག་ལས་བཟོ་ཁང་ (Aerospace Science and Technology Corporation) ཟེར་བ་ཞིག་གིས། བོད་མཐོ་སྒང་དུ་ཆར་ཆུ་འབབ་ཚད་ཤུགས་ཆེ་རུ་གཏོང་ཆེད་ཆར་བ་འབབ་ཐུབ་པའི་འཕྲུལ་ཆས་མང་པོ་བཙུགས་ཡོད་པ་དང་། ད་དུང་མུ་མཐུད་འཛུགས་འཆར་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེའི་ནང་། རྒྱ་ནག་གཞུང་གིས་འཁོར་སྐར་བརྒྱུད་གནམ་གཤིས་ཀྱི་གནས་བབ་ལ་དཔག་སྟེ་གནམ་གྲུ་ནས་ཆར་རྫས་གཏོར་བའམ་ས་ཐོག་ནས་བར་སྣང་ལ་འཕྲུལ་ཆས་ཀྱིས་ཆར་རྫས་གཏོར་ཏེ། འཕྲུལ་ཆས་དེས་ལོ་རེར་སྤྱི་ལེ་འབུམ་ ༡༠ ཙམ་ལ་ཆར་ཆུ་འབབ་ཐུབ་པའི་འཆར་གཞི་བཟོ་ཡི་ཡོད་པ་རེད། དེས་ལོ་རེར་ཆར་ཆུ་འབབ་ཚད་རྨིད་གྲུ་བཞི་མ་ས་ཡ་ ༡༠ བསྐྲུན་ཐུབ་ཀྱི་ཡོད་འདུག གལ་སྲིད་འཕྲུལ་ཆས་དེས་ཚོད་རྩིས་ལྟར་ཆར་བ་འབབ་ཐུབ་སོང་ཚེ། རྒྱ་ནག་ཁྱོན་ཡོངས་ཀྱི་འཐུང་ཆུ་བརྒྱ་ཆའི་ ༧ ཙམ་དང་གཅིག་མཚུངས་རེད། ཅེས་བརྗོད་འདུག

བོད་ནས་བཞུར་བཞིན་པའི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་གསུམ་ནི་རྒྱ་ནག་གི་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་ལ། འདི་དག་བོད་ཀྱི་གངས་རི་དག་ཞུས་ནས་རྒྱ་ནག་ལ་བཞུར་ཏེ་ཞིང་ཆུ་དང་འཐུང་ཆུ་སོགས་བྱེད་ཀྱི་ཡོད་པ་རེད། ཆར་ཆུ་འབབ་པར་གཞའ་ཚན་ཕྱོགས་གཅིག་དུ་འདུས་ཏེ་སྤྲིན་པའི་ངོ་བོར་འགྱུར་དགོས་པ་དང་། རྫས་སྦྱོར་དངོས་རིགས་ (Silver Iodide) ཟེར་བ་དེ་ནམ་མཁར་གཏོར་ཚེ་གཞའ་ཚན་འདུས་ཏེ་སྤྲིན་པར་འགྱུར་བས། རིམ་བཞིན་སྤྲིན་པ་ལྕི་མོར་གྱུར་ནས་ཆར་བ་འབབ་པ་དང་། ཆར་བ་འབབ་ཐེངས་རེ་ལ་རྫས་གྷི་རམ་ ༢༠ ཙམ་སྤྱོད་ཀྱི་ཡོད་འདུག

ས་ཐོག་གི་ཆར་འབབ་འཕྲུལ་ཆས་དེ་གཅིག་བཟོ་བར་འགྲོ་སོང་ཨ་སྒོར་ ༨༠༠༠ ཡིན་པ་དང་། སྡེབ་གཅིག་ལ་མང་པོ་བཟོ་སྐྲུན་བྱས་ཚེ་དེ་ལས་འགྲོ་གྲོན་ཆུང་བ་ཡོད་པ་དང་། མཁའ་ལམ་ནས་གནམ་གྲུས་ཆར་རྫས་གཏོར་བ་ནི་རིན་གོང་ཆེ་ལ་ཁྱབ་རྒྱ་ཡང་ཆུང་ཆུང་ལས་མེད་འདུག འོན་ཀྱང་ས་ཐོག་གི་ཆར་འབབ་འཕྲུལ་ཆས་དེའི་ཞན་ཆ་ཁག་ནི་རླུང་བུ་མ་གཡུག་པའམ་ཁ་ཕྱོགས་ནོར་བར་གཡུག་ཚེ་ཆར་རྫས་དེས་ནུས་པ་ཐོན་གྱི་མེད་འདུགཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་གིས་འཕྲུལ་ཆས་དེ་སྤྱད་ནས་ཆར་ཆུ་ཊོན་དུང་ཕྱུར་ ༥༥༠ བཏོན་ཡོད་པ་དང་། ལོ་རེར་ཆར་ཆུ་ཊོན་དུང་ཕྱུར་ ༢༥༠༠ ཙམ་རྒྱ་བསྐྱེད་ཀྱིས་འདོན་བཞིན་ཡོད་འདུག ཆར་བ་འབབ་ཚད་ཆེ་རུ་གཏོང་བྱེད་ཀྱི་འཕྲུལ་ཆས་གཅིག་གིས་སྤྱི་ལེ་ ༥ ཙམ་གྱི་སྤྲིན་པ་བཟོ་ཐུབ་པ་དང་། བོད་མཐོ་སྒང་ཐོག་འཛུགས་སྐྲུན་བྱེད་བཞིན་པའི་འཕྲུལ་ཆས་དེ་ཚོ་ཕྱོགས་གཅིག་ཏུ་བསྡུས་ཚེ་འཕྲུལ་ཆས་སྟོང་ཕྲག་མང་པོ་ཡོད་འདུག

རྒྱུས་ལོན་བྱུང་བ་ལྟར་ན། ཆར་རྫས་ (Silver Iodide) ནི་མཁའ་དབྱིངས་སུ་གཏོར་རྗེས་ཕྱིར་ཆར་བའམ་གངས་དང་འགྲོགས་ནས་འབབ་ཀྱི་ཡོད་ལ། དེས་མི་དང་རི་དྭགས་ཀྱི་རྣ་དང་མིག ཁ་སོགས་བརྒྱུད་ལུས་ཕུང་དུ་ཕྱིན་ཚེ་མཁལ་མ་དང་གློ་བ། པགས་པ་སོགས་ལ་གནོད་ཀྱི་ཡོད་འདུག་ལ། ས་དང་ཆུ་སོགས་འབག་བཙོག་ཅན་ཏུ་བསྒྱུར་ནས་རྩི་ཤིང་སོགས་སྐྱེས་དངོས་རྣམས་ལ་གནོད་ཀྱི་ཡོད་འདུག་པ་མ་ཟད། ཆར་རྫས་དེ་ཧ་ཅང་མང་ཚེ་སྐྱུག་བཤལ་བྱེད་པ་དང་ཁྲག་རྩ་ལ་གནོད་པ། དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་ནད་གཞི་འབྱུང་ཉེན་ཡོད་འདུག ཡང་མཚམས་རེར་ཆར་བ་འབབ་ཚད་ཤུགས་ཆེ་དྲག་སྟེ་ཆུ་ལོག་རྒྱུག་པ་དང་ཆར་རླུང་འཚུབ་མ་ཤུགས་ཆེན་འབྱུང་བ་སོགས་ཀྱི་འབྱུང་བའི་གནོད་སྐྱོན་ཡོང་ཉེན་ཡང་ཡོད་འདུག

འཛམ་གླིང་གི་རྒྱལ་ཁབ་ ༣༢ ཙམ་གྱིས་ཆར་རྫས་དེ་བེད་སྤྱོད་བཏང་མྱོང་ཡོད་ན་ཡང་ཕལ་མོ་ཆེས་ཚོད་ལྟ་དང་མཚམས་མཚམས་མ་གཏོགས་བེད་སྤྱོད་གཏོང་གི་མེད་པ་རེད། རྒྱ་ནག་ནི་ཆར་རྫས་དེ་བེད་སྤྱོད་གཏོང་མཁན་ཆེ་ཤོས་དེ་ཡིན་འདུག་ལ། ཕྱི་ལོ་ ༢༠༠༨ ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་འཛུགས་དང་མཇུག་བསྡོམས་མཛད་སྒོའི་སྐབས་ཆར་བ་མི་འབབ་པའི་ཆེད། རྒྱ་ནག་གིས་ཐབས་ལམ་དེ་སྤྱད་ནས་ཆར་ཆུ་སྔོན་ལ་འབབ་དུ་བཅུག་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་ཟླ་གསུམ་ཙམ་རིང་རྒྱ་ནག་ལ་ཐན་པ་བྱུང་བས་པེ་ཅིན་གྱི་ནམ་མཁར་ཆར་རྫས་དེ་གཏོར་ནས་ཉིན་ ༣ རིང་ཁ་བ་བབས་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༨༧ ལོའི་རྗེས་སུ་པེ་ཅིན་ཏུ་ཁ་བ་བབས་སྔ་ཤོས་སུ་གྱུར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༡༦

Leave a Reply