བོད་མི་ལ་གྱོང་རག་པ་མ་གཏོགས་རྒྱལ་ཡོངས་མང་གཙོ་ཚོགས་པ་ལ་གྱོང་དམིགས་བསལ་མེད།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པས་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་གཏན་འབེབ་གནང་པའི་འོས་བསྡུའི་སྒྲིག་གཞི་དེར་སྐབས་འདིའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གུས་བརྩི་ཞུ་ཡི་ཡོད་སྐོར་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། ཉེ་སྔོན་མཇུག་བསྡུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་སྟེང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ཅིག་བསྐྱར་བཅོས་གཏན་འབེབ་གནང་ཡོད་པ་དང་འབྲེལ་ཏེ། བོད་མིའི་སྤྱི་ཚོགས་ནང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་གླེང་སློང་མི་ཉུང་བ་ཞིག་བྱུང་ཡོད་སྟབས། སྒྲིག་གཞི་བསྐྱར་བཅོས་ལ་ངོས་འཛིན་གནང་སྟངས་དང་གླེང་སློང་རིགས་ལ་གསལ་བཤད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསལ་བསྒྲགས་སྐབས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས། བོད་མི་མང་སྤྱི་འཐུས་སྐབས་ ༡༦ གྲོས་ཚོགས་ཚོགས་དུས་ ༦ སྟེང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབ་ནང་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་། ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྤྱིའི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་སྤེལ་བའི་རིགས་བྱེད་མི་ཆོག་པར་གཏན་འབེབ་གནང་རྗེས། མཛད་གཙོ་རེ་ཟུང་གིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་མིང་ཟུར་འདོན་གྱིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་སྟངས་དང་འབྲེལ་བོད་མིའི་སྤྱི་ཚོགས་ནང་གོ་བ་ལྡོག་ཕྱོགས་སུ་འགྲོ་ཉེན་ཆེ་སྟབས། དེ་རིང་གི་གསར་འགོད་གསལ་བསྒྲགས་བརྒྱུད་ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ད་ལྟའི་ངོས་འཛིན་དང་དེ་འབྲེལ་གྱི་གནད་དོན་སྐོར་ནས་གསལ་བཤད་བྱེད་རྒྱུ་ཡིན་ལ། བོད་མི་རེ་འགས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབ་དེའི་རྐྱེན་གྱིས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་གྱོང་གུད་ཆེན་པོ་རག་ཡོད་ཚུལ་བཤད་ཡོད་ཀྱང་། དོན་དངོས་ཐོག་གྱོང་གུད་རག་ཡོད་ན་བོད་མི་མང་དང་བོད་སྤྱི་པའི་དོན་ལ་རག་ཡོད་སྐོར་བརྗོད་སོང་།

གསར་འགོད་པའི་དྲི་བ་དྲིས་ལན་སྐབས་ཐེངས་འདིའི་གྲོས་ཚོགས་ཀྱི་གཏན་འབེབ་དེ་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ལྟ་གྲུབ་དང་མཐུན་མིན་དྲིས་པར་ཁོང་གིས། ད་ལྟའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབ་དེ་ཚོགས་པའི་གཞི་རྩའི་ལྟ་གྲུབ་དང་མཐུན་མིན་ལ་མ་ལྟོས་པར། གྲོས་ཚོགས་རང་ནས་ཐག་གཅོད་གནང་ཡོད་པས། སྐབས་བདུན་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དང་ལེན་གུས་བརྩི་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

གསར་འགོད་བསྒྲགས་གཏམ་ནང་དུ། སྲིད་སྤྱི་འོས་བསྡུའི་སྐབས་སུ་ཆོལ་ཁ་དང་ཤོག་ཁག་གྱི་འཐེན་འཁྱེར་ཤུགས་ཆེར་བྱུང་བ་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་རྩ་བ་ནས་མེད་སྐོར་དང་། སྲིད་དོན་ཚོགས་པ་འདིས་མུ་མཐུད་མི་མང་ལ་མང་གཙོའི་འཕེལ་རིམ་དང་ལྷག་པར་དུ་སྲིད་དོན་ཚོགས་པའི་དགེ་མཚན་སྐོར་ནས་གོ་རྟོགས་སྤེལ་རྒྱུ་དང་། ད་ལྟའི་བོད་མིའི་གྲོས་ཚོགས་ལམ་ལུགས་འདི་སྲིད་དོན་ཚོགས་པའི་ལམ་ལུགས་ཅན་དུ་འགྱུར་རྒྱུའི་ཁྲིམས་འཆར་གྲོས་གཞི་གྲོས་ཚོགས་ནང་སླེབས་ཐབས་གནང་རྒྱུ་ཡིན་སྐོར་འཁོད་ཡོད་པ་དང་། མ་འོངས་པར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ཆ་ཤས་ཇི་ལྟར་ལེན་དགོས་ཚུལ་སྐོར་ལ་ཚོགས་པའི་ཚོགས་ཆེན་སྐབས་བརྒྱད་པའི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

ཡང་གསར་འགོད་པ་ཞིག་གིས་སྲིད་དོན་ཚོགས་པའི་ལམ་ལུགས་ཅན་གྱི་གྲོས་ཚོགས་ལ་དགེ་མཚན་ཅི་ཡོད་སྐོར་དྲིས་པར་ཁོང་གིས། སྲིད་དོན་ཚོགས་པའི་ལམ་ལུགས་ཅན་དུ་འགྱུར་ན་འོས་བསྡུའི་ལས་རིམ་སྐབས་སུ་འགན་དེ་གཞུང་འཛིན་དང་ཁ་གཏད་ཚོགས་པས་འཁྱེར་གྱི་ཡོད་པས། ཆོལ་ཁ་དང་། ལུང་ཚན། ཤོག་ཁག་བར་གྱི་འཐེན་འཁྱེར་རིགས་ཡོང་གི་མེད། དེར་བརྟེན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་སྔར་ནས་བོད་མིའི་གྲོས་ཚོགས་འདི་བཞིན་སྲིད་དོན་ཚོགས་པའི་ལམ་ལུགས་ཅན་དུ་འགྱུར་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༡༨

Leave a Reply

4 thoughts on “བོད་མི་ལ་གྱོང་རག་པ་མ་གཏོགས་རྒྱལ་ཡོངས་མང་གཙོ་ཚོགས་པ་ལ་གྱོང་དམིགས་བསལ་མེད།

  1. བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་དྲང་བདེན་གྱི་ཐོག་ནས་གནས་པ་དང་། འདིའི་ཐོག་མང་གཙོ་ལ་གོ་རྟོགས་སྤེལ་ཐུབ་ན་ཧ་ཀྱང་དགེ་མཚན་རེད་འདོད་ཡོད། འདས་བའི་ནང་ལྟས་ན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་བྱས་ཉེས་བྱས་པ་ཧ་ལམ་ཡོད་པ་མ་རེད། གཙོ་བོ་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་རེད། འདི་གང་ཟག་གཅིག་དང་ཆོལ་ཁ་གཅིག་གིས་མགྲིན་ཚབ་པ་མི་གནང་པར་དྲང་བདེན་གྱི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན་འདི་ཧ་ཀྱང་གལ་ཆེན་རེད། སྔོན་མ་ནས་ད་བར་ཧ་ལམ་དྲང་བདེན་གྱི་ཚོགས་པ་ཞིག་ལ་ངོས་འཛིན་ལོས་ལ་མ་འོངས་པར་ཡང་དེ་འདྲ་གནང་དགོས་པ་གལ།

  2. ལྕང་མ་ང་ཡི་བཏབ་ཡིན།ལྕང་ཆུ་ང་བའི་བཏང་ཡིན།་ལྕང་མའི་བསིལ་གྲིབ་འོག་ལ།བསྡད་མཁན་དཔོན་པོ་སླེབས་སོང།

  3. གཞུང་པ་ཚེ་དབང་བསོད་ནམས་

    རང་ལ་དབང་བའི་ས་ཆ་ལག་ཐིལ་ཙམ་ཡང་མེད་པར་མི་ཡུལ་དུ་སྐྱབས་བཅོལ་ནས་
    དབུས་བོད་མིའི་སྒྲིག་འཛུགས་ལས་གཞུང་གི་མིང་མེད་པ་ནས་སྲིད་དོན་ཚོགས་པ་ཟེར་
    བ་དང་གྲོས་ཚོགས་གོང་འོག་གཉིས་ཟེར་བ་ཉལ་ས་བྱུང་ན་སྐྱོངས་སའི་སྐད་ཆ་མ་རེད་དམ་།

  4. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོ་མི་ཡུལ་དུ་བཙན་བྱོལ་གཞུང་་གླེང་ས་མེད་པ་ལ་རྒྱལ་ཁབ་རང་བཙན་ཡོད་པ་ལྟབུའི་
    ་སྲིད་དོན་ཚོགས་པ་ཟེར་བ་དང་གྲོས་ཚོགས་གོང་འོག་གཉིས་ཟེར་བ་དེ་ཚོ་མི་ཡུལ་དུ་འགྲུབ་
    རྒྱུ་ཡོད་པ་ཞིག་ཨ་ཡིན་ནམ་།