རྒྱ་མིར་སྔར་ལས་ལྷག་འབྲེལ་བ་དམ་ཟབ་ཡོང་ཆེད་ཟབ་སྦྱོང་ཚོགས།

རྒྱ་མི་དང་འབྲེལ་བ་བྱེད་སྐབས་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་ཞིང་རྒྱ་མིར་སྔར་ལས་ལྷག་འབྲེལ་བ་དམ་ཟབ་དང་གོང་འཕེལ་ཡོང་ཆེད་རྒྱ་རིགས་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྐྱོང་ཐེངས་ ༦ པ་བསྡུས།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་སྐད་ཚན་པའི་གོ་སྒིག་འོག ཉིན་གྲངས་ ༤ རིང་གི་རྒྱ་རིགས་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྐྱོང་ཐེངས་ ༦ དེ་མགོ་འཛུགས་གནང་སོང་བ་དང་། ཕྱི་རྒྱལ་ཁག་དང་རྒྱ་གར་བཅས་ནས་རྒྱའི་སྐད་ཡིག་ཤེས་མཁན་གཞོན་སྐྱེས་ཁྱོན་ ༤༥ འཛོམས་འདུག

དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཁ་བྲལ་བ་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དོན་དངོས་ནི་དེ་ལྟར་མིན་སྟབས། རྒྱ་ནག་སྐམ་ས་ནས་ཕྱིར་ཡོང་མཁན་རྒྱ་རིགས་ཤེས་ཡོན་ཅན་དང་སློབ་མ། དམངས་གཙོ་དོན་གཉེར་བ་དང་མཁས་པ་ཚོས་རྒྱ་གཞུང་གི་ལངས་ཕྱོགས་དང་སྲིད་བྱུས་དེ་ཤེས་ཀྱི་ཡོད་པ་མ་གཏོགས། ང་ཚོ་བོད་པའི་ལངས་ཕྱོགས་དང་༧རྒྱལ་བ་རིན་བ་ཆེ་མཆོག་གི་དགོངས་གཞི་ག་རེ་ཡིན་མིན་ཤེས་ཀྱི་མེད་རྐྱེན། ང་ཚོས་དངོས་ཡོད་གནས་ཚུལ་ཕར་འགྲེལ་བཤད་བརྒྱབས་པའི་ཐོག་བོད་དོན་ཁྱབ་སྤེལ་གཏོང་དགོས་པ་དང་། ཁོང་ཚོ་བརྒྱུད་རྒྱ་ནག་གཞུང་ལ་ཞུ་རྒྱུ་གལ་ཆེན་པོ་མཐོང་གི་འདུག ཅེས་བརྗོད་སོང་།

རྒྱ་ནག་གི་དངོས་ཡོད་གནས་སྟངས་དང་། བོད་ཀྱི་མདུན་དུ་འཕྲད་བཞིན་པའི་འགྲན་སློང་དང་གོ་སྐབས་ཅེས་པའི་བརྗོད་གཞིའི་ཐོག་རྒྱ་རིགས་སྐུ་ཞབས་ཏིན་ཡེ་ཧྥའོ་ (Ding Yifu) ཡིས། བོད་ཀྱི་གནད་དོན་དེ་སེལ་ཐབས་སུ་བོད་མིས་རྒྱ་ནག་དང་མཉམ་དུ་སྐད་ཆ་མ་བཤད་པར་དཀའ་ངལ་སེལ་ཐབས་མེད་པ་དང་། རྒྱལ་སྤྱིའི་སྡིངས་ཆ་ཐོག་རྒྱ་ནག་གི་ཤུགས་རྐྱེན་ཆེ་པའི་སྐབས་འདིར་དབུ་མའི་ལམ་ནི་འཛམ་གླིང་ལ་དགོས་མཁོ་ཡོད་པའི་སྲིད་བྱུས་ཤིག་ཡིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་བར་རྒྱལ་སྤྱིའི་གནས་བབ་དང་འགྱུར་ལྡོག་གལ་ཆེན་ཡིན་པ་ནི་དཔེར་ན་ཕྱི་ལོ་ ༡༩༡༡ ལོར་རྒྱ་ནག་ནང་ལྕགས་ཕག་ལོའི་གསར་བརྗེ་བྱུང་སྟེ། ཆིན་གོང་མའི་སྲིད་གཞུང་བོད་ནས་ཕུད་རྗེས་༧རྒྱལ་དབང་སྐུ་ཕྲེང་ ༡༣ ཕྱིར་བོད་ལ་ཕེབས་ནས་བོད་རང་བཙན་ཁྱབ་བསྒྲགས་གནང་པ་དང་། ད་ལྟའི་རྒྱ་ནག་ནང་འགྱུར་བ་མ་ཐེབས་ཚེ་བོད་ལ་འགྱུར་བ་ཐེབས་ཀྱི་མེད་པ། ད་ལྟའི་རྒྱ་ནག་ནི་ཕྱི་ནས་བལྟས་ན་སྟོབས་ཆེན་དང་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་རེད་དེ་ནང་དུ་ཐོན་ཁུངས་འདང་ངེས་ཤིག་མེད་པ་དང་། དཔལ་འབྱོར་གྱི་སྒྲོམ་གཞི་བརྟན་པོ་མེད་པ། དེ་བཞིན་ཁོར་ཡུག་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པ། དབུལ་ཕྱུག་གི་ཁྱད་པར་ཆེ་བ། སྤྱི་ཚོགས་ཀྱི་བཟང་སྤྱོད་ཉམས་ཆགས་ཕྱིན་པར་བརྟེན། སྤྱི་ཚོགས་བརྟན་པོ་མེད་པ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་ནི་རྒྱལ་སྲུང་ལ་འགྲོ་སོང་མང་བ་གཏོང་གི་ཡོད་པ་ནི་རྒྱ་ནག་ནང་ཟ་ངེ་ཟིང་ངེ་ཡོད་པ་མཚོན་གྱི་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་བཙན་བྱོལ་བྱོལ་བ་མང་པོ་ཡོད་པ་རེད་དེ་མང་པོ་ཞིག་ནང་ཁུལ་མ་མཐུན་པ་དང་སྐྱོན་བརྗོད་བྱེད་རེས་བྱེད་པ་སོགས་ཀྱི་ཁ་འཐོར་ལ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་སོང་།

རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་ལས་འགུལ་སྤེལ་བ་ཉུང་དྲགས་པའི་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཉེ་ཆར་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ལ་རོགས་དངུལ་སློང་རོགས་བྱེད་མཁན་ཞིག་དང་འཕྲད་སོང་ལ། སྐབས་དེར་ཁོང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་མི་མང་ཁྲོད་གོ་རྟོགས་ལས་འགུལ་སྤེལ་སྐབས་ལོ་ ༥༠ དང་ ༦༠ ཡན་གྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་ཤེས་ཀྱི་ཡོད་པ་དང་། དེའི་མན་ཆད་ཀྱིས་ཧ་གོ་ཡི་མི་འདུག དེ་བཞིན་ཡང་ལོ་ ༤༠ མན་གྱིས་བོད་དོན་སྐོར་ཤེས་ཀྱི་མི་འདུག་ལ་རོགས་དངུལ་སྤྲོད་རོགས་ལབ་དུས་མང་ཤོས་ཀྱིས་སྤྲོད་ཀྱི་མི་འདུག་ཅེས་བརྗོད་བྱུང་། དེའི་རྒྱུ་མཚན་ནི་བོད་དོན་སྐོར་ལ་གོ་རྟོགས་སྤེལ་བ་འདང་གི་མེད་རྐྱེན་རེད། མ་ཟད་རྒྱ་གཞུང་གིས་བཤད་པ་དེ་ལ་ཡིད་ཆེས་མང་བ་ཡོང་གི་ཡོད་པས་རེད། ཅེས་བོད་དོན་གོ་རྟོགས་མང་ཙམ་སྤེལ་དགོས་པ་དང་། ལྷག་པར་དུ་ཚོགས་འདུ་དེར་བཅར་མཁན་ཚོས་རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་ཁག་གི་རྒྱ་རིགས་དང་མི་རིགས་གཞན་དག་ལ་གོ་རྟོགས་སྤེལ་དགོས་པ་གལ་ཆེན་ཡིན་སྐོར་གསུངས་རྗེས་དྲི་བ་དྲིས་ལན་གནང་སོང་།

གསར་འགོད་པས་ཕྱི་དྲིལ་རྒྱ་སྐད་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་སུ་རྒྱ་རིགས་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྐྱོང་ཐེངས་ ༦ འདིའི་གལ་གནད་སྐོར་ལ་སྐད་ཆ་འདྲི་སྐབས། ཟབ་སྦྱོང་འདི་ལྟ་བུ་ཞིག་མ་སྤྲད་ཚེ། དཔེར་ན་རྒྱ་མི་མཉམ་དུ་སྐད་ཆ་བཤད་དགོས་ན་སྐད་ཆ་བཤད་སྟངས་དང་གོ་རིམ་མེད་པ་དང་། མཚམས་རེར་གོ་བརྡ་མ་འཕྲོད་པར་འགལ་ཟླ་བཟོ་བ། གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་སོ་སོས་སྐད་ཆ་ཞིག་བཤད་བསྡད་ན་ཕན་ཐོགས་དང་མི་ཐོགས་གཉིས་ཀ་འབྱུང་སྲིད་པས། ཟབ་སྦྱོང་འདིའི་གལ་ཆེན་རང་བཞིན་ནི་རྒྱ་མི་དང་འབྲེལ་བ་བྱེད་སྐབས་གཅིག་ནས་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པ། གཉིས་ནས་ཟབ་སྦྱོང་འདི་འདྲ་ཞིག་སྤྲད་ཚེ་རྒྱ་མི་དང་མཉམ་དུ་སྔར་ལས་ལྷག་དུ་འབྲེལ་བ་དམ་ཟབ་དང་གོང་འཕེལ་ཡོང་ཆེད་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༢༢

Leave a Reply

One thought on “རྒྱ་མིར་སྔར་ལས་ལྷག་འབྲེལ་བ་དམ་ཟབ་ཡོང་ཆེད་ཟབ་སྦྱོང་ཚོགས།

  1. སྔར་ལས་ལྷག་ལབ་ན་ག་རེ་ལབ་ཀྱི་ཡོད་ན་ཁྲི་ཟུར་རྒྱལ་ལོ་དོན་འགྲུབ་དང་ཏིན་ཞོ་ཕིན་ལས་ལྷག་པའི་འབྲེལ་བ་དམ་ཟབ་ལབ་ཀྱི་ཡོད་ན།