བོད་ཁྱིམ་སློབ་གྲྭས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས།

བོད་ཁྱིམ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་ང་རང་ཚོའི་གཞོན་སྐྱེས་ནང་ལོགས་ནས་རྒྱ་སྐད་དང་དབྱིན་སྐད་ནང་རྩོམ་འབྲི་ཐུབ་པ་ཡིན་ན་རྒྱ་དཀར་ནག་དང་རྒྱལ་སྤྱིའི་ཐོག་ནས་ཀྱང་ཆེ་མཐོང་སྤྲོད་མཁན་ཡོང་གི་རེད་ཅེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག་དྷ་སྟེང་བོད་ཁྱིམ་ཐང་ཆེན་དུ། རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བརྗོད་གཞིའི་འོག་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་  ༥༨ འཁོར་བའི་དུས་དྲན་གཙི་སྲུང་ཞུས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་། དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་དྲུང་ཆེ་རྣམ་པ། དེ་བཞིན། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། དེ་བཞིན་བོད་ཁྱིམ་སློབ་གྲྭའི་ཕྱི་རྒྱལ་སྦྱིན་བདག་ཁག་ཅིག་དང་སློབ་ཟུར་ཁག དྷ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་ཕོ་མོ་བཅས་འཛོམས་འདུག་པ་དང་། དེ་རིང་ཉིན་རྒྱབ་ནས་བཟུང་ཉིན་གྲངས་གསུམ་རིང་གཞས་ཞབས་བྲོ་གཟིགས་འབུལ་དང་། ཁང་ཚན་བར་རྩེད་རིགས་འགྲན་སྡུར་སོགས་གནང་བཞིན་ཡོད་འདུག

མཛད་སྒོའི་ཐོག་༧སྐྱབས་རྗེ་སི་ཏུ་རིན་པོ་ཆེ་མཆོག་ནས་བོད་ཁྱིམ་སློབ་གྲྭར་ཞབས་འདེགས་ཞུས་ཏེ་ལོ་ངོ་ ༢༠ ཟིན་པའི་དགེ་ལས་ ༣༦ ལ་ཆེ་བསྟོད་གཟེངས་རྟགས་དང་ལག་འཁྱེར། དེ་བཞིན་ལོ་འཁོར་ཡིག་རྒྱུགས་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་བོད་ཁྱིམ་སློབ་མ་ཁག་ཅིག་ལ་ཤེས་ཡོན་བྱ་དགའ་དང་དྷ་སྟེང་བོད་ཁྱིམ་གྱི་འགན་བདག་སོགས་ལ་གཟེངས་རྟགས་གནང་གྲུབ་རྗེས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རྒན་ཐུབ་བསྟན་རྡོ་རྗེ་ལགས་ནས་བོད་ཁྱིམ་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་སྐབས། བོད་ཁྱིམ་སློབ་གྲྭ་འདི་བཞིན་༧སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་ནས་བུ་གསོ་ཁང་གི་རྣམ་པའི་ཐོག་གསར་འཛུགས་གནང་སྟེ། སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་ནས་རིམ་བཞིན་སྐུ་ངལ་ཚད་མེད་བསྐྱངས་ནས་ཡོང་བའི་ཚོགས་སྡེ་ཤིག་ཡིན་སྐོར་ངོ་སྤྲོད་དང་སྦྲགས། འདི་ལོར་བོད་ཁྱིམ་སློབ་གྲྭར་དགའ་སྤོབས་འོས་པའི་གནས་ཚུལ་འགའ་ཞུས་ན། དང་པོ་རྒྱ་གར་དབུས་གཞུང་གི་བུད་མེད་དང་བྱིས་པའི་ནུས་སྟོབས་གོང་འཕེལ་ཚན་པས་ཕྱི་ལོ་ ༢༠༡༧ ལོའི་གཟེངས་སུ་ཐོན་པའི་བུད་མེད་ཀྱི་གཟེངས་རྟགས་དེ་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གར་སྲིད་འཛིན་ཕོ་བྲང་ནས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་འབུལ་བཞེས་གནང་ཡོད་པ་དང་། རྩ་བའི་ལྷ་ལྕམ་མཆོག་ལ་འཛམ་གླིང་གི་གཟེངས་རྟགས་མི་འདྲ་བ་ ༡༥ ལྷག་ཐོབ་མྱོང་ཡོད་ནའང་། ད་རེས་གཞུང་ཞིག་གི་ངོས་ནས་ཆེ་མཐོང་གནང་བ་ཐོག་མ་དེ་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན། དེ་ནས་ཉིན་གཉིས་ཀྱི་རྗེས་སུ་ཝ་ཎ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོར་ལྷ་ལྕམ་མཆོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཡོད་པ་མ་ཟད། ཝ་ཎ་མཐོ་སློབ་ཀྱི་ངོས་འཛིན་ལག་འཁྱེར་ཞིག་ཀྱང་འབུལ་གཏན་འཁེལ་ཡོད། དགའ་སྤོབས་སྐྱེས་འོས་པའི་གནས་ཚུལ་གཉིས་པ་ནི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ཤེས་རིག་བཀའ་བློན་ལ་འདེམས་ཐོན་བྱུང་བ་རེད་ལ། ཁོང་ནི་བོད་ཁྱིམ་སློབ་ཟུར་ཞིག་བཀའ་བློན་དུ་བདམས་པ་ཐོག་མ་དེ་ཆགས་ཡོད། གསུམ་པ་དེ་རྒྱ་གར་དབུས་གཞུང་གི་དྲིལ་བསྒྲགས་དང་རླུང་འཕྲིན་ལས་ཁུངས་ཀྱི་ནང་གསེས་གློག་བརྙན་ཚན་པས་རྒྱ་གར་ནང་གི་གློག་བརྙན་འཁྲབ་སྟོན་པ་དང་བཟོ་སྐྲུན་མཁན། གློག་བརྙན་གོ་སྒྲིག་པ་སོགས་ལ་བྱ་དགའ་སྤྲོད་སྲོལ་ཡོད་པ་ལྟར།  བོད་ཁྱིམ་སློབ་ཟུར་བསྟན་འཛིན་དཀོན་མཆོག་ལགས་ལ་ད་ལོའི་གློག་བརྙན་བྱ་དགའ་ཐེངས་ ༦༥ པའི་ཐོག་གློག་བརྙན་སྒྲིག་སྦྱོར་གྱི་གཟེངས་རྟགས་ཐོབ་ཡོད་པ་རེད། གཞན་ཡང་། སི་ལ་ཀུ་དང་སུ་ཇཱ་བོད་ཁྱིམ་གཉིས་ལ་ཨོ་ཊར་ཁན་དང་ཧི་མ་ཅལ་མངའ་སྡེ་གཉིས་ནང་དཔེ་ཀློག་རྩེད་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད། ཅེས་སོགས་བརྗོད་སོང་།

ཡང་ད་ལྟའི་བོད་ཁྱིམ་སློབ་གྲྭའི་དགེ་སློབ་ཀྱི་གྲངས་འབོར་དང་སློབ་འཇུག་མཐར་ཕྱིན་སོགས་ཀྱི་སྐོར་ལ་ཁོང་གིས། འདི་ལོར་བོད་ཁྱིམ་ནང་སློབ་འཇུག་བྱས་པའི་སློབ་ཕྲུག་གི་གྲངས་འབོར་དེ་སློབ་མ་ ༩༤༧ ཆགས་ཡོད། དེར་ནང་གསེས་ཕྱེས་པ་ཡིན་ན། ཉམ་ཐག་སློབ་མ་ ༡༥༢ དང་སློབ་ཡོན་ཆག་ཡང་ཅན་ ༡༥༦ ། སློབ་ཡོན་ཆ་ཚང་བ་ཕུལ་མཁན་ ༢༢༡། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མི་འབོར་འཕེལ་རྒྱས་སྲིད་བྱུས་འོག ནང་གཅིག་ལ་བྱིས་པ་གསུམ་ལས་མང་བ་ཅན་སློབ་འཇུག་བྱས་པ་སློབ་མ་ ༩ དང་། གཞུང་ཞབས་པའི་སློབ་མ་ ༧ ། བོད་ཁྱིམ་དགེ་ལས་ཀྱི་སློབ་མ་ ༣ བཅས་ཡོད། དེ་ནས་ལ་དྭགས་ཀྱི་སློབ་མ་རྣམས་བསྡོམས་པ་ཡིན་ན་ཁྱོན་སློབ་འཇུག་བྱས་པའི་སློབ་མའི་གྲངས་འབོར་དེ་ ༡༠༩༣ ཆགས་བསྡད་ཡོད། ལོ་འདིའི་ནང་སློབ་མཐར་ཕྱིན་པ་དང་སློབ་གྲྭ་ནས་ཐོན་པའི་སློབ་མ་ ༡༠༤༣ ཆགས་ཡོད། དེའི་ནང་འཛིན་རིམ་ ༡༢ ཐོན་པའི་སློབ་མ་ ༥༦༣ དང་ཕྱི་རྒྱལ་ཡུལ་གྲུ་ཁག་དང་བོད་ནང་ལོག་པ། གྲྭ་བཙུན་བྱས་པ་སོགས་སློབ་མ་ ༤༧༧ བྱུང་ཡོད། ད་ལྟའི་ཆར་སློབ་ཕྲུག་གི་གྲངས་འབོར་དེ་གཞི་རིམ་སློབ་གྲྭའི་ནང་གཏན་འཇགས་སློབ་མ་ ༨༧༡༥ དང་ཉིན་མོའི་སློབ་གྲྭའི་སློབ་མ་ ༡༠༨༧། མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པ་ ༡༡༤༢ བཅས་ཁྱོན་སློབ་མ་ ༡༠༩༤༤ ཡོད། ལས་བྱེད་ཀྱི་གནས་སྟངས་དེ་ད་ལྟའི་ཆར་ལས་བྱེད་ ༡༢༩༨ དང་། དེའི་ནང་གསེས་ལ་ལས་བྱེད་དངོས་ ༡༠༨༥ དང་ཆོད་གན་ཐོག་བསྐོ་བཞག་བྱུང་བའི་ལས་བྱེད་ ༢༤༣ བཅས་ཡོད། ལོ་འདིའི་ནང་གསར་ཞུགས་ལས་བྱེད་ ༥༢ དང་། རྩ་དགོངས་ཞུས་པ་དང་བགྲེས་ཡོལ། ཚེ་འདས་ཕྱིན་པའི་ལས་བྱེད་ཀྱི་གྲངས་འབོར་ ༡༡༦ ཆགས་ཡོད།  ཅེས་བརྗོད་སོང་།

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོའི་ཤེས་ཡོན་ཡར་རྒྱས་འགྲོ་ཡི་ཡོད་པ་ལྟར། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་རིམ་པ་དང་བཀའ་ཤག་སྐབས་གོང་མ་དང་། ད་ལྟའི་བཀའ་ཤག་སོགས་ནས་ཤེས་ཡོན་ནི་གལ་གནད་ཆེ་ཤོས་ཤིགལ་ངོས་འཛིན་བྱེད་ཀྱི་ཡོད། མི་འབོར་གྱི་ཆ་ནས་བོད་མི་ས་ཡ་ ༦ དེ་རྒྱ་མི་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད། བོད་མི་གཅིག་གིས་རྒྱ་མི་ ༩༩ ཙམ་ལ་གདོང་ལེན་དང་་ཁ་གཏད་གཅོག་དགོས་འཁེལ་ཡོད་སྟབས། ང་ཚོས་དྲག་པོ་ལས་འགུལ་བརྒྱུད་ཁ་གཏད་གཅོག་ཐབས་ཡོད་པ་མ་རེད། དེར་བརྟེན། མི་གཅིག་གི་ནུས་པ་འདོན་ཐུབ་པར་བོད་མི་ཚོས་ཤེས་ཡོན་སྤྱང་སྟེ་རིག་པ་སྒྲིམ་རྒྱུ་གལ་ཆེན་ཆགས་ཡོད་ལ། ཕ་མ་དང་སྤྱི་ཚོགས། དགེ་རྒན་ཚང་མས་འབད་བརྩོན་ཧུར་ཐག་བྱས་ཏེ་ཐོན་པའི་ཤེས་ཡོན་གྱི་གྲུབ་འབྲས་དེས་རྒྱ་མི་ ༩༩ ལ་ཁ་གཏད་གཅོག་ཐབས་ཀྱི་ནུས་པ་འཐོན་གྱི་ཡོད། བཙན་བྱོལ་ནང་བོད་མིའི་མི་འབོར་བརྒྱ་ཆ་ ༢།༥ རེད། བོད་ཀྱི་མི་འབོར་བརྒྱ་ཆ་ ༩༧།༥ དེ་བོད་ནང་ཡོད། བོད་ནང་གི་བོད་མི་ཚོའི་མངོན་འདོད་སྒྲུབ་པའི་འགན་གཙོ་བོ་དེ་བཙན་བྱོལ་བའི་སྒང་ལ་སླེབས་ཡོད་དུས། བཙན་བྱོལ་བོད་མི་ཚོས་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་པར་ཐབས་ལམ་ཡག་ཤོས་དེ་ཤེས་ཡོན་ཆགསབསྡད་ཡོད། དེ་འདྲ་ཡིན་དུས། བཙན་བྱོལ་ནང་བོད་མི་ཉུང་ཤས་ཤིག་ལས་མེད་པ་དང་། བོད་ནང་གི་མི་འབོར་བརྒྱ་ཆ་ ༩༧།༥ དེའང་རྒྱའི་མི་འབོར་དང་བསྡུར་བ་ཡིན་ན་ཉུང་ཤས་ཤིག་ལས་མེད་པ་རེདདེ།  ཤེས་ཡོན་ཐོག་འབད་བརྩོན་བྱས་པ་ཡིན་ན་གྲུབ་འབྲས་ཆེན་པོ་འཐོན་ཐུབ་ཀྱི་རེད་ཅེས་སྔོན་མ་ཞུས་པ་ཡིན་ལ་ད་རེས་ཀྱང་ཞུས་པ་ཡིན་ན།  དཔེར་ན། འཛམ་གླིང་ནང་ཇེའུ་མི་རིགས་ཀྱི་མི་འབོར་བརྒྱ་ཆ་ ༠.༢ ལས་ཡོད་པ་མ་རེད་དེ། འཛམ་གླིང་གི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་བརྒྱ་ཆ་ ༢༢།༥ ཇེའུ་མི་རིགས་ཆགས་བསྡད་ཡོད་ལ། ད་ལྟའི་བར་དུ་འཛམ་གླིང་ནང་ནོ་བྷེལ་གཟེངས་རྟགས་ཐེངས་ ༩༠༠ ལྷག་ཅིག་གནང་ཡོད་པ་དང་། དེའི་ནང་ནས་གཟེངས་རྟགས་ ༢༠༠ ལྷག་ཅིག་ཇེའུ་མི་རིགས་ལ་ཐོབ་ཡོད་པ་རེད། དེར་བརྟེན། འཛམ་གླིང་ནང་མི་འབོར་བརྒྱ་ཆ་༠.༢ ལས་མེད་པའི་ཇེའུ་མི་རིགས་ཀྱིས་འཛམ་གླིང་གི་ནོ་བྷེལ་གཟེངས་རྟགས་ལེན་ཐུབ་ཀྱི་ཡོད་ན། ང་རང་ཚོ་མི་འབོར་ཉུང་ཉུང་ཞིག་ལས་མེད་ནའང་ནུས་ཤུགས་སྤུངས་ཏེ་ནོ་བྷེལ་གཟེངས་རྟགས་གཙོས་གཟེངས་རྟགས་གཞན་རིགས་བླངས་པའི་ཐོག་ཏན་ཏན་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་ཀྱི་རེད། ཉེ་སྔོན་སི་ཁོ་ཊི་ཤིའི་མི་འགས་སྔོན་མ་དབྱིན་ཇི་བ་ཚོས་སི་ཁོ་ཊི་ཤིར་ཐུབ་ཚོད་བཏང་བ་དེ་རྒྱ་མིས་བོད་མི་ཚོར་བཏང་བ་ནང་བཞིན་གཅིག་མཚུངས་ཡིན་ཡང་། མིང་ལ་སི་ཁོ་ཊི་ཟེར་བའི་རྩོམ་པ་པོ་ཞིག་གིས་དབྱིན་ཡིག་ནང་སི་ཁོ་ཊི་ཤིའི་སྐོར་ལ་རྩོམ་མང་པོ་བྲིས་ཏེ་འཛམ་གླིང་ནང་ཁྱབ་བརྡལ་དུ་ཕྱིན་རྗེས་ཀློག་མཁན་ཧ་ཅང་མང་པོ་བྱུང་སྟེ། དབྱིན་ཇིའི་མི་རིགས་ཡོངས་ཀྱིས་རྩོམ་པ་པོ་གཅིག་གི་དཔེ་དེབ་བརྒྱུད་སི་ཁོ་ཊི་ཤིའི་དཔལ་ཡོན་དང་རིག་གནས། ལོ་རྒྱུས་སོགས་ཧ་ལས་པའི་ཕྱུག་པོ་དང་གཏིང་ཟབ་པོ་ཡོད་པ་ཤེས་ཏེ་སི་ཁོ་ཊི་ཤིར་བརྩི་བཀུར་ཞུ་ཡི་ཡོད་པ་རེད་ཅེས་གསུངས་ཀྱི་འདུག དེར་བརྟེན། ང་རང་ཚོའི་གཞོན་སྐྱེས་ནང་ལོགས་ནས་རྒྱ་སྐད་དང་དབྱིན་སྐད་ནང་རྩོམ་འབྲི་ཐུབ་པ་ཡིན་ན། རྒྱ་གར་དང་རྒྱ་ནག་ནང་ལོགས། དེ་བཞིན། རྒྱལ་སྤྱིའི་ཐོག་ནས་ཀྱང་ཆེ་མཐོང་སྤྲོད་མཁན་ཡོང་གི་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།མཇུག་ཏུ་༧སྐྱབས་རྗེ་ཏ་ཡི་སི་ཏུ་རིན་པོ་ཆེ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་སྐབས། ང་རང་ཚོ་བོད་ཀྱི་སྐད་དང་ཡི་གེ་འདི་འཛམ་བུ་གླིང་ལ་ཕན་ཐོགས་པའི་སྐད་ཡིག་ཅིག་རེད་ལ། དེ་ཡིན་པ་ང་ཚོས་ཤེས་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད། འཛམ་བུ་གླིང་ནང་སྐད་རིགས་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་ཡོད་པ་རེད། དེའི་ནང་ལ་ཡི་གེ་ཡོད་པའང་སྟོང་ཕྲག་མང་པོ་རེད། འོན་ཀྱང་། ང་ཚོའི་བོད་ཡིག་ཐོག་སྡེབ་སྦྱོར་ཆ་ཚང་བ་དང་དེའི་ནང་ནས་ཀྱང་ཤིན་ཏུ་ཟབ་པ་དམ་པའི་ཆོས་ཀྱི་སྡེབ་སྦྱོར་ཐ་སྙད་ཡོད་པ་རེད། ང་རང་ཚོ་བོད་པ་ཞིག་ཡིན་ཕྱིར་འཛམ་གླིང་གི་སྐད་ཡིག་བརྒྱ་ཕྲག་མང་པོ་ཤེས་པ་ལས་ཀྱང་བོད་ཡིག་ཤས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་པས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། བོད་ནང་པ་སངས་རྒྱས་པའི་ཆོས། བོད་ཀྱི་རིག་གཞུང་། བོད་ཀྱི་མ་འོངས་པ་སོགས་ཀྱི་ཆེད་གང་ཅིའི་ཐད་ནས་ཞབས་འདེགས་ཡང་དག་པ་ཞིག་སྒྲུབ་པར་ཆ་རྐྱེན་ཚང་གི་མེད། ང་རང་གིས་བལྟས་ཡོང་དུས། དེང་སང་བོད་ཀྱི་སྐད་དང་ཡི་གེ་ཕྱོགས་གཅིག་ནས་ཡར་རྒྱས་དང་ཕྱོགས་གཅིག་ནས་ཉམས་འགྲོ་ཡི་འདུག དེར་བརྟེན། བོད་ཀྱི་སྐད་ཡིག་གི་གནས་བབ་དེ་དེང་སང་འོ་མ་བཙོང་བ་ནང་བཞིན་ཕྱེད་ཀ་འོ་མ་ཡིན་པ་འདྲ་བོ། ཕྱེད་ཀ་ཆུ་ཡིན་པའི་བཟོ་ལྟ་བུ་གྱུར་ན་ཡག་པོ་མེད། ཅེས་དང་། མི་ཞིག་ལ་སློབ་སྤྱོང་མེད་པ་ཡིན་ན་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་སྐོར་དང་། རྒྱལ་ཁབ་ཞིག་ལ་མཚོན་ནའང་ཡི་གེ་ཡོད་པའི་རྒྱལ་ཁབ་ཚོར་ལོ་རྒྱུས་ཡོད་པ་དང་། ཡི་གེ་མེད་པའི་རྒྱལ་ཁབ་ཚོར་ལོ་རྒྱུས་ཁུངས་སྐྱེལ་མེད་སྟབས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཆགས་བསྡད་ཡོད་སྐོར་དང་། དེ་བཞིན། བོད་མི་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་ཕྱིར་སྐུའི་བཀའ་དགོངས་ཁག་ལུས་ངག་ཡིད་གསུམ་གྱིས་ལྷག་བསམ་རྣམ་དག་ཐོག་སྒྲུབ་དགོས་པ་གལ་ཆེན་ཆགས་ཡོད་སྐོར་སོགས་ཀྱི་བཀའ་སློབ་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༢༣

Leave a Reply