རྒྱལ་ཞེན་གྱི་ལམ་ནས་རྒྱ་གར་གཅིག་ཏུ་བསྒྲིལ་ཡོད།

སར་དྷཱར་པ་ཊེལ་(Sardar Patel)གྱི་ཆིག་སྒྲིལ་འདྲ་སྐུ་སྒོ་འབྱེད་ལ་ཕུལ་བའི་རྩོམ་ཡིག

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་བྲིས། པ་སངས་ཚེ་རིང་གིས་བསྒྱུར།

སཱར་དྷཱར་ལགས་ཀྱིས་རྒྱ་གར་འདི་སིལ་ཐོར་ལས་བསྐྱབས་སྟེ། ཆེས་སྙོམ་ཆུང་གི་ཆ་ཤས་དེ་དག་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྒྲིལ་ཡོད། རྒྱ་གར་གྱི་ལོ་རྒྱུས་ཁྲོད་དུ་ཕྱི་ལོ་ ༡༩༤༧ ལོའི་ཕྱེད་སྔ་མ་ནི་ཆེས་གཉེན་འཕྲང་ཅན་གྱི་དུས་སྐབས་ཤིག་ཡིན། རྒྱ་གར་དེ་སྔ་ཕྱི་མ་གཏོགས་དབྱིན་ཇིའི་དབང་འོག་ནས་ཐར་ཏེ་སིལ་བུར་འཐོར་ངེས་པ་ཡིན། འོན་ཀྱང་སིལ་བུར་ཇི་ཙམ་ལ་འཐོར་རྒྱུ་ཡིན་པ་སུས་ཀྱང་ཚོད་དཔག་བྱེད་ཐབས་མེད། དུས་སྐབས་དེར་རྒྱ་གར་ཡོངས་ཁྱབ་ནང་བཟའ་བཅའ་དཀོན་དྲགས་པའི་རྐྱེན་གྱིས་རིན་གོང་འཕར་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་མོད། རྒྱ་གར་ཆིག་སྒྲིལ་བཟོ་རྒྱུ་དེ་ཆེས་ཛ་དྲགས་དང་ཚང་མས་བློ་འཚབ་བྱེད་སའི་གནད་དོན་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་ ༡༩༤༧ ལོའི་ཟླ་ ༦ པའི་ནང་རྒྱ་གར་གཞུང་གསར་འཛུགས་ཀྱི་ཐོག་མའི་དམིགས་ཡུལ་དེ་ས་ཁྱོན་དང་། མི་འབོར། རིག་གཞུང་། དཔལ་འབྱོར་འདྲ་མིན་ཡོད་པའི་རྒྱ་གར་གྱི་རྒྱལ་རྒྱུད་ས་ཁུལ་ ༥༥༠ ཙམ་དང་འབྲེལ་བ་བཞག་སྟེ་རྒྱ་གར་ཆིག་སྒྲིལ་གྱི་ཐད་ལ་གྲོས་མོལ་བྱེད་རྒྱུ་དེ་རེད། དུས་སྐབས་དེ་འདྲ་ཞིག་ལ་སེམས་དཔའ་ཆེན་པོ་གྷན་དྷི་ཡིས་སཱར་དྷཱར་པ་ཊེལ་ལ། ཁྱེད་ཉིད་ཁོ་ནས་རྒྱ་གར་གྱི་ད་ལྟའི་དཀའ་རྙོག་དེ་སེལ་ཐུབ་ཅེས་བརྗོད་དེ་རྒྱ་གར་ཆིག་སྒྲིལ་བཟོ་རྒྱུའི་ལས་འགན་དེ་སར་དྷཱར་གྱི་ཕྲག་སྟེང་དུ་བབས་པ་དང་། སར་དྷཱར་གྱིས་ཀྱང་རང་ཉིད་ཀྱི་རྒྱལ་ཁབ་འདི་ནམ་ཡང་ཕམ་དུ་མི་འཇུག་སྙམ་སྟེ། ལས་འགན་ལྕི་མོ་དེ་དུས་ཐུང་ཞིག་ནང་བསྒྲུབ་རྒྱུའི་ཁས་ལེན་བྱས་པ་དང་། ཁོང་དང་ཁོང་གི་ལས་རོགས་རྣམ་པས་རྒྱལ་རྒྱུད་ས་ཁུལ་རེ་རེར་ཆེད་སྐྱོད་ཀྱིས་རང་བཙན་གྱི་རྒྱ་གར་མངའ་ཁོངས་སུ་བཅུག་ཐུབ་པ་བྱས་པས། ད་ལྟའི་རྒྱ་གར་གྱི་ས་ཁྲ་དེ་ཁོང་གི་སྐུ་ངལ་ལ་བརྟེན་ནས་བྱུང་བ་ཡིན།

རང་བཙན་གྱི་རྗེས་ཝི་པི་མེ་ནོན་(VP Menon)རྒས་ཡོལ་ཞུ་རྩིས་བྱས་ཀྱང་། པ་ཊེལ་གྱིས་ད་ལྟ་ངལ་གསོ་དང་རྒས་ཡོལ་ཞུ་རྒྱུའི་དུས་སྐབས་མིན་ཚུལ་བརྗོད་དེ་མེ་ནོན་ཁོང་རྒྱ་གར་གྱི་རྒྱལ་སྲིད་དྲུང་ཆེར་བསྐོ་བཞག་གནང་། མེ་ནོན་གྱི་<རྒྱ་གར་གཅིག་ཏུ་སྒྲིལ་བའི་གཏམ་རྒྱུད>ཅེས་པའི་ནང་། པ་ཊེལ་ནི་ནམ་ཡང་ལས་རོགས་རྣམ་པའི་མིག་དཔེ་ལྟ་ཡུལ་ཞིག་དང་ཀུན་ལ་སྐུལ་འདེད་གཏོང་མཁན་ཞིག་ཡིན་པ་མ་ཟད། རྒྱ་གར་མི་མང་གི་བདེ་སྡུག་ལ་ཐུག་དུས་ནམ་ཡང་ཕྱིར་བཤོལ་མི་བྱེད་མཁན་ཞིག་ཡིན་པའི་བསྟོད་བསྔགས་ཕུལ་ཡོད།

ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན། རྒྱ་གར་གྱིས་སྐྱ་རེངས་གསར་པ་ཞིག་བསུ་མགོ་བརྩམས་ཡོད་ཀྱང་། རྒྱལ་ཁབ་འཛུགས་བསྐྲུན་གྱི་ལས་གཞི་མང་པོ་ཞིག་ད་དུང་མགོ་བརྩམས་མེད། པ་ཊེལ་མཆོག་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཐོག་མ་དེ་ཡིན་པ་དང་། ཁོང་གིས་རང་གི་འཛིན་སྐྱོང་དེ་མི་མང་དབུལ་པོ་རྣམས་ལ་རམ་འདེགས་དང་། རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་ཐུབ་རྒྱུའི་སྒྲོམ་གཞི་ཞིག་གི་འོག་ནས་མགོ་བརྩམས་ཡོད། པ་ཊེལ་ལ་མཚོན་ན། ཁོང་ནི་འཛིན་སྐྱོང་བ་ཚད་ལྡན་ཞིག་ཡིན་ལ། ཁོང་གིས་འཛིན་སྐྱོང་གི་ཉམས་མྱོང་དེ་རྒྱ་གར་གསར་པ་འཛུགས་བསྐྲུན་གྱི་ཕྱོགས་ལ་སྤྱད་དེ། རྒྱ་གར་གྱི་འཛིན་སྐྱོང་གི་སྒྲོམ་གཞི་དེ་ཚགས་ཚུད་ཚད་ལྡན་ཞིག་ཏུ་གྱུར་བར་སྐུ་ངལ་ཧ་ཅང་བསྐྱོན་ཡོད། ཁོང་གིས་ཆེད་དམིགས་གིས་གྲོང་ཁྱེར་གྱི་འཛུགས་བསྐྲུན་དང་གློག དེ་བཞིན་ཤེས་ཡོན་གྱི་ཐོག་ལ་སྐུ་ངལ་འཛད་མེད་བསྐྱོན་ཡོད། པ་ཊེལ་ལགས་ཀྱི་མཛད་རྗེས་ལ་བརྟེན་ནས་དུས་ད་ལྟ་རྒྱ་གར་འདི་བཞིན་སྤྱི་དམངས་མཉམ་བསྡུས་ཚན་པའི་ཐད་ལེགས་གྲུབ་ཆེན་པོ་བྱུང་ཡོད། ཨ་མུལ་(Amul)འོ་རིགས་ཐོན་རྫས་ཁང་དེ་ཡང་ཁོང་གི་འཆར་སྣང་གཞི་རྩར་བཞག་སྟེ་གྲུབ་པ་ཞིག་ཡིན་ལ། ཁོང་གིས་སྐྱེད་མའི་ནུས་པ་མཐོར་འདེགས་ཀྱིས་ས་གནས་མཉམ་འབྲེལ་ཚོགས་པ་དར་སྤེལ་བཏང་བ་དང་། ས་གནས་མཉམ་སྡོད་ལས་གཞི་མགོ་འཛུགས་ཀྱིས་མི་མང་པོར་སྡོད་གནས་དང་སྤོབས་པ་བྱིན་ཡོད།

པ་ཊེལ་ལགས་ནི་ཡིད་ཆེས་དང་ཆིག་སྒྲིལ་གྱི་མཚོན་དོན་ཞིག་ཡིན། ཁོང་གིས་ཕྱི་ལོ་ ༡༩༢༨ ལོར་རྒྱ་གར་གྷུ་ཇ་ར་ཏི་མངའ་སྡེ་ནང་དབྱིན་ཇིའི་གཞུང་ལ་བྷར་ཌོ་ལི་ས་ཏྱ་གྷ་ར་ཧ་(Bardoli Satyagraha)ཞེས་པའི་བསྟུན་མེད་ལས་འགུལ་ཆེན་པོ་དེའི་མགོ་འཁྲིད་ཡོད་ཅིང་། རང་ཉིད་ཞིང་པའི་བུ་ཞིག་ཡིན་སྟབས། རྒྱ་གར་གྱི་ཞིང་པ་རྣམས་ཀྱིས་ཁོང་ལ་ཡིད་ཆེས་ཤུགས་ཆེར་བྱེད་ཀྱི་ཡོད། རྒྱ་གར་གྱི་ངལ་རྩོལ་གྲལ་རིམ་རྣམས་ཀྱིས་ཀྱང་ཁོང་ནི་ཁོ་ཚོའི་བདེ་སྡུག་བཤད་མཁན་གྱི་མགོ་འཁྲིད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གི་རྒྱ་གར་གྱི་དཔལ་འབྱོར་དང་བཟོ་བསྐྲུན་དར་སྤེལ་གྱི་འཆར་སྣང་དེར་ཚོང་པ་དང་བཟོ་བསྐྲུན་པ་དག་གིས་དགའ་མོས་བྱས་ཡོད། ཁོང་གི་ཕྱག་རོགས་ཆབ་སྲིད་པ་དག་གིས་ཀྱང་ཁོང་ལ་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད་པ་དང་། ཁོང་ནི་གྷན་དྷིའི་རྗེས་ཀྱི་ལམ་སྟོན་པ་ལྟེ་བ་དེ་ཡིན་པ་རེད། ཕྱི་ལོ་ ༡༩༤༧ ལོའི་ཆབ་སྲིད་ཀྱི་གནས་བབ་ཛ་དྲགས་ཡིན་པའི་སྐབས་དེར་ས་རོ་ཇི་ཎི་ནའེ་དྷུ་(Sarokini Naidu)ལགས་ཀྱིས་ཁོང་ནི་མི་ཐག་གཅོད་བྱེད་མཁས་པོ་ཞིག་དང་གང་བཤད་ལག་བསྟར་བྱེད་མཁན་ཞིག་ཡིན་པར་བརྗོད་ཡོད།

འདི་ལོའི་སར་དྷཱར་གྱི་འཁྲུངས་སྐར་ནི་དམིགས་བསལ་ཞིག་ཡིན། དེ་རིང་རྒྱ་གར་མི་མང་ཐེར་འབུམ་ ༡༣ གྱི་སྨོན་འདུན་འོག་ཆིག་སྒྲིལ་གྱི་འདྲ་སྐུ་(The Statue of Unity)འདི་སྒོ་འབྱེད་བྱེད་ཀྱི་ཡོད་ལ། འདྲ་སྐུ་འདི་འཛམ་གླིང་ནང་གི་འདྲ་སྐུ་མཐོ་ཤོས་དེ་ཡིན་པ་དང་། ས་ཡི་བུ་(Dharti Putra)པ་ཊེལ་ལགས་ནམ་མཁར་མཐོ་བོར་འགྲེངས་ནས་ང་ཚོར་ལམ་སྟོན་དང་སྐུལ་འདེད་བྱེད་ངེས་རེད། ངས་ཆིག་སྒྲིལ་གྱི་འདྲ་སྐུ་འདི་བཞེངས་སྐྲུན་བྱེད་མཁན་ལས་མི་ཀུན་ལ་འཚམས་འདྲི་ལེགས་གསོལ་ཞུ་རྒྱུ་ཡིན། ང་ཚོས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣༡ ཉིན་ཐོག་མའི་ལས་མགོ་བརྩམས་ཏེ་དུས་ཡུན་ཐུང་ཐུང་ཞིག་གི་ནང་ལས་འཆར་ཆེན་པོ་འདི་གྲུབ་ཐུབ་པ་བྱས་ཡོད། ལེགས་སྒྲུབ་འདིས་རྒྱ་གར་སྔར་བཞིན་གདེང་སྤོབས་ཀྱིས་མཐོན་པོར་སྒྲེངས་ཡོད་པ་དང་། ངས་མི་ཀུན་ལ་ཆིག་སྒྲིལ་གྱི་འདྲ་སྐུ་མཇལ་དུ་ཕེབས་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།  ཆིག་སྒྲིལ་གྱི་འདྲ་སྐུ་འདིས་སེམས་དང་ས་གཞིའི་ཆིག་སྒྲིལ་གཉིས་ཀ་མཚོན་གྱི་ཡོད་ལ། འདྲ་སྐུ་འདིས་ང་ཚོ་ཁ་འཐོར་ཡིན་ན་རང་ཉིད་ལ་ཡང་ཁ་གཏད་གཅོག་མི་ཐུབ་པ་དང་། ཆིག་སྒྲིལ་ཡིན་ན་འཛམ་གླིང་ལ་ཁ་གཏད་ཀྱིས་ཡར་རྒྱས་ཀྱི་ཚད་གཞི་གསར་བ་ཞིག་ལ་སླེབས་ཐུབ་པ་དྲན་གསོ་བྱེད་ཀྱི་ཡོད། པ་ཊེལ་ལགས་ཀྱིས་རྒྱལ་ཞེན་སྙིང་དུ་བཅངས་ཏེ་དབྱིན་ཇིའི་བཙན་གནོན་གྱི་ལོ་རྒྱུས་ལ་མཚམས་ཐིག་བཀོད་ནས་ཆིག་སྒྲིལ་གྱི་རྒྱ་གར་ལ་སྐུ་ངལ་བསྐྱོན་ཡོད། ཁོང་གིས་རྒྱ་གར་འདི་གྱེས་འཐོར་ལས་བསྐྱབས་ཏེ། ཆེས་སྙོམ་ཆུང་བའི་ཆ་ཤས་རེ་རེ་ཡང་བློས་མ་བཏང་པར་རྒྱལ་ཁོངས་སུ་བཅུག་ཡོད། དུས་ད་ལྟ། ང་ཚོ་རྒྱ་གར་བ་མི་འབོར་ཐེར་འབུམ་ ༡༣ གྱིས་དཔུང་པ་མཉམ་གཤིབ་ཀྱིས་སྔར་བས་སྟོབས་ཤུགས་ཆེ་བ་དང་། ཡར་རྒྱས་ཆེ་བ། གཅིག་བསྡུས་ཆེ་བའི་རྒྱ་གར་གསར་པ་ཞིག་འཛུགས་བསྐྲུན་བྱེད་བཞིན་ཡོད། ང་ཚོ་ནམ་ཡང་པ་ཊེལ་ལགས་ཀྱི་དགོངས་དོན་བཞིན། ལྐོག་ཟ་དང་ཕྱོགས་རིས་མེད་པའི་སྒོ་ནས་དགོས་ངེས་ཅན་གྱི་མི་མང་རྣམས་ཀྱི་གནས་བབ་ཡར་རྒྱས་གཏོང་རྒྱུའི་ཕྱོགས་ལ་ཞུགས་རྒྱུ་ཡིན།

བསྐྱར་བཅོས།: ༢༠༡༨/༡༡/༠༡

Leave a Reply

One thought on “རྒྱལ་ཞེན་གྱི་ལམ་ནས་རྒྱ་གར་གཅིག་ཏུ་བསྒྲིལ་ཡོད།