དམག་ཆེན་དང་པོ་མཇུག་བསྡུས་ཏེ་ལོ་ངོ་བརྒྱ་འཁོར་བར་རྗེས་དྲན་བྱས།

དམག་ཆེན་དང་པོའི་སྐབས་རྐྱེན་འདས་སུ་ཕྱིན་པའི་དམག་མི་རེ་རེ་རྗེས་དྲན་ཆེད་མར་མེ་ཁྲི་གཅིག་བསྒྲོན་ཏེ་འོད་སྣང་རྣམས་སླར་ཡང་ཕྱིར་ལོག་བྱེད་བཞིན་ཡོད་པའི་སྨོན་འདུན་མཚོན་ཐབས་བྱས།

ཁ་སང་ཕྱི་དྲོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་གྱི་ཕོ་བྲང་དོ་དམ་ཚན་པའི་གོ་སྒྲིག་འོག  འཛམ་གླིང་དམག་ཆེན་དང་པོ་མཇུག་བསྡུས་ཏེ་ལོ་ངོ་ ༡༠༠ འཁོར་བ་དང་བསྟུན། དམག་ཆེན་སྐབས་ཀྱི་དམག་ཟུར་དང་འབྲེལ་ཡོད། དེ་བཞིན་དྭང་བླངས་པ་བཅས་ཁྱོན་མི་གྲངས་ ༡༠༠ མ་ཟིན་ཙམ་གྱིས། རྒྱལ་ཁང་གི་ཕྱི་ནང་ཡོངས་སུ་མར་མེ་ཁྲི་ ༡ བསྒྲོན་ཏེ་དམག་འཁྲུག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ཡུལ་དེའི་དམག་མི་རེ་རེར་རྗེས་དྲན་བྱས་ཡོད་པ་དང་། མར་མེ་བསྒྲོན་པའི་རྗེས་དྲན་བྱ་འགུལ་དེ་བདུན་ཕྲག་གཅིག་རིང་སྤེལ་བཞིན་ཡོད་འདུག

དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཐི་རེ་ཟ་མེ་(Theresa May)ལགས་ཀྱིས།  ནུབ་ཕྱོགས་པའི་སྒོ་འགྲམ་དུ་མེ་མདའི་སྐད་སྒྲ་ཆད་དེ་ལོ་ངོ་བརྒྱ་འཁོར་སྐབས། ང་ཚོ་ཚང་མས་བློས་བཏང་ཟིན་པའི་དཔའ་བོ་ཚོ་རྗེས་དྲན་བྱེད་འོས་ལ། ང་ཚོས་རྗེས་དྲན་འདི་བརྒྱུད་སོ་སོའི་རྒྱལ་ཁབ་དང་ལྷག་པར་དུ་ང་ཚོའི་འཐབ་གྲོགས་རྣམ་པ་དང་། ཡུ་རོབ་ཀྱི་མཉམ་འབྲེལ་རྒྱལ་ཁབ་ཁག་ལའང་དུས་ཚོད་འདི་དྲན་གསོ་བྱེད་ཐུབ་པར་སྤོབས་པ་སྐྱེས་ཡོད། ཅེས་བརྗོད་ཡོད་པ་དང་།  རྒྱལ་ཁང་གི་སྤྱི་ཁྱབ་དོ་དམ་པ་ཧོ་ཧྥི་ཊོན་(Houghton)ལགས་ཀྱིས། འཛམ་གླིང་དམག་ཆེན་དང་པོའི་སྐབས་གོ་ལ་ཧྲིལ་པོའི་མི་ས་ཡ་ ༡༨ ལྷག་རྐྱེན་ལམ་དུ་ཤོར་ཡོད། ང་ཚོས་འདིར་རྒྱལ་ཁང་གི་ལྕགས་མཁར་ཐོག་དམག་ཆེན་དང་པོ་མཇུག་བསྡུས་ཏེ་ལོ་གཅིག་འཁོར་སྐབས་རྗེས་དྲན་ཞུས་ཡོད་ལ། དེ་རིང་འདིར་དམག་འཁྲུག་མཚམས་འཇོག་བྱས་ཏེ་ལོ་ངོ་བརྒྱ་འགོར་རྗེས་སླར་ཡང་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་རྗེས་དྲན་ཞུ་ཐུབ་པ་བྱུང་ཡོད་པས་དགའ་སྤོབས་སྐྱེས་འོས་པ་ཞིག་ཆགས་ཡོད།  ཅེས་བརྗོད་འདུག

ཕོ་བྲང་མགྲིན་ཚབ་པ་བུད་མེད་ཅིག་གིས་ཐོག་མའི་མར་མེ་ཁྲི་ ༡ དེ་ཕོ་བྲང་སྐོར་སྲུང་བ་ཁག་ཅིག་དང་སྐུ་མགྲོན། དེ་བཞིན། དམར་ཟུར་དང་དམག་མིའི་ནང་མི་བཅས་ནས་ཕྱི་དྲོའི་ཆུ་ཚོད་ ༥ པ་བསྒྲོན་ཡོད་ལ། མར་མེ་ཡིས་ཕྱོགས་གཅིག་ནས་རྐྱེན་འདས་སུ་ཕྱིན་པའི་དམག་མི་རྣམས་རྗེས་དྲན་བྱེད་བཞིན་ཡོད་པ་མཚོན་གྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་དམག་ཆེན་དང་པོ་མཇུག་རྫོགས་ཏེ། འོད་སྣང་དག་སླར་ཡང་ཕྱིར་ལོག་བྱེད་བཞིན་ཡོད་པ་མཚོན་གྱི་ཡོད། དེར་བརྟེན། རྒྱལ་ཁབ་ཆེད་འཐབ་འཁྲུག་ནང་ཞུགས་ཏེ་བློས་བཏང་ཟིན་པའི་དཔའ་བོ་རྣམས་རྗེས་དྲན་བྱེད་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ང་ཚོས་མུ་མཐུད་ཁོ་ཚོར་རྗེས་དྲན་ཞུ་ངེས་ཡིན། ཞེས་བརྗོད་ཡོད་པ་རེད།

ལོ་རྒྱུས་ལྟར་ན་དམག་ཆེན་དང་པོའི་ཁྲོད་ཕྱི་ལོ་ ༡༩༡༦ ཟླ་ ༧ པ་ནས་ལོ་དེའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༩ བར་དབྱིན་ཇི་དང་ཧྥ་རན་སི་མཉམ་འབྲེལ་གྱིས་འཇར་མན་དང་སའོ་མེ་(Somme)དམག་འཁྲུག་བརྒྱབས་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱི་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། དབྱིན་ཡུལ་གྱི་དམག་མི་ ༤༢༠༠༠༠ དང་ཧྥ་རན་སིའི་དམག་མི་ ༢༠༠༠༠༠། དེ་བཞིན། འཇར་མན་གྱི་དམག་མི་ ༥༠༠༠༠༠ བཅས་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོར་དབྱིན་ཡུལ་ཕོ་བྲང་དུ་རྒྱལ་སེ་མེ་ཏོག་འབུམ་ ༩ མ་ཟིན་ཙམ་འགྲེམས་འཇོག་བྱས་ཏེ། མེ་ཏོག་རེ་རེ་ཡིས་ཚེ་སྲོག་ཤོར་བའི་དམག་མི་རེ་རེ་མཚོན་པར་བྱས་ཏེ་དམག་ཆེན་དང་པོའི་སྐབས་ཀྱི་འདས་གྲོངས་སུ་ཕྱིན་པ་རྣམས་རྗེས་དྲན་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༡/༠༥

Leave a Reply

One thought on “དམག་ཆེན་དང་པོ་མཇུག་བསྡུས་ཏེ་ལོ་ངོ་བརྒྱ་འཁོར་བར་རྗེས་དྲན་བྱས།

  1. ང་ཚོའིརྒྱ་གར་ལ་ ལོ་ངོ་ ༦༠ འཁོར་བའི་ བཀའ་དྲིན་རྗེས་དྲན་ཞུས་སོང་། རྒྱ་དམར་གྱི་བོད་ལ་སྡུག་གཙུབ་བྱས་ནས་ ལོ་ངོ་ ༦༠ ཁོར་བའི་ བཀའ་དྲིན་རྗེས་དྲན་ཞུས་མ་སོང་། ཁོང་ཚོ་ནི་རྒྱལ་ཁབ་ཕན་ཚུན་དམག་འཐབ་ལ་རྗེས་དྲན་གྱི་མར་མེ་བསྒྲོན་པ་རེད། ང་ཚོ་ནི་རྒྱ་དམར་གྱི་ཐུབ་ཚོད་དང་དབང་ཡོད་རེད་པ། ད་བར་་་ བོད་མི་རང་སྲོག་ཤོར་བ་ གྲངས་་་་་་་་་་་་་་་་ ? མར་མེ་གྲངས་་་་་་་་་་་་་་་ ? རྒྱ་གར་ལ་བཀའ་དྲིན་རྗེས་དྲན་གྱི་ གོ་སྒྲིག་ཚོགས་ཆུང་ལ་ ཟླ་ཚེས་བཟང་པོར་དགེ་བར་ ཕུལ།།