ཧཱང་ཆཱེ་མྱུར་དུ་གློད་གྲོལ་གྱིས་སྨན་བཅོས་བྱ་དགོས།

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ ༡༤ ཡིས་མཉམ་འབྲེལ་ཐོག་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཧཱང་ཆཱེ་གློད་གྲོལ་གྱིས་སྨན་བཅོས་བྱ་དགོས་པའི་ཡོངས་ཁྱབ་ཡི་གེ་ཞིག་བཏང་འདུག ཁ་སང་ཕྱི་ཚེས་ ༥ ཉིན། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་བའི་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྒྱ་ནག་གི་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཧཱང་ཆཱེ་(Huang Qi)ཡི་ནད་གཞི་ཇེ་སྡུག་ཏུ་འགྲོ་བཞིན་པར། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ། རང་དབང་ཁང་པ་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཁང་ ༡༤ ཡི་མཉམ་འབྲེལ་ཐོག་རྒྱ་ནག་གཞུང་ལ་ཧཱང་ཆཱེ་མྱུར་དུ་བཙོན་ནས་གློད་གྲོལ་གྱིས་སྨན་བཅོས་བྱ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག

ཡོངས་ཁྱབ་གསལ་བསྒྲགས་ནང་། ཧཱང་ཆཱེ་ལགས་སུ་མཁལ་མའི་གཅོང་ནད་བྱུང་ཡོད་པས་རྒྱུན་དུ་སྨན་བཅོས་བྱེད་དགོས་པ་དང་། ཀླད་པར་ཆུ་གསོག་པའི་ན་ཚ་དང་སྙིང་ནད། ན་ཚ་གཞན་བྱུང་ཡོད་པ་འདི་ལོའི་ཕྱི་ཟླ་ ༡༠ ནང་ཁོང་གིས་ཁྲིམས་རྩོད་པར་བཤད་ཡོད་ན་ཡང་། སི་ཁྲོན་སྲིད་གཞུང་གིས་ཁོང་གི་འཕྲོད་བསྟེན་གྱི་གནས་བབས་དངོས་དེ་འགེབས་ཅི་ཐུབ་བྱེད་བཞིན་ཡོད་པ་མ་ཟད། ཁོང་གི་ཁྲག་ཤེད་སྔར་ལས་ཤུགས་ཆེན་འཕར་ཡོད་པ་དང་། བཙོན་ཁང་དུ་བཙོན་ལས་འདྲ་མིན་བྱས་དང་བྱེད་བཞིན་པ་མ་ཟད་སྨན་བཅོས་དུས་ཐོག་མ་བྱས་པར་བརྟེན། ན་ཚ་ཇེ་སྡུག་ཏུ་ཕྱིན་ཡོད་པས་ཁོང་ལ་འཕྲལ་དུ་སྨན་བཅོས་མ་ཐུབ་ཚེ་སྲོག་ཉེན་ཡོད་སྐོར་བརྗོད་འདུག

ཡང་ཡི་གེ་དེའི་ནང་མུ་མཐུད་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་བའི་ཉེས་འཛུགས་འོག བཙོན་འཇུག་བྱས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཧཱང་ཆཱེ་ཡི་འཕྲོད་བསྟེན་ཇེ་སྡུག་དུ་འགྲོ་བཞིན་ཡོད་པས།  རྒྱ་གཞུང་གིས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཧཱང་ཆཱེ་ལགས་ཀློད་གྲོལ་གཏོང་དགོས་པ་དང་། གང་མགྱོགས་སྨན་བཅོས་ཚད་ལྡན་མ་བྱས་ཚེ་ཉེ་བའི་ཆར་རྒྱ་རིགས་ལིའུ་ཞོའོ་པོ་ (Liu Xiaobo) དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཚོ་ཧྲིན་ལེ་ (Cao Shunli)། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སོགས་ལ་བྱུང་བ་ལྟ་བུའི་གནས་སྟངས་མི་ཡོང་བའི་ངེས་པ་མེད་སྐོར་འཁོད་འདུག

གནད་དོན་དེའི་ཐད། རང་ལོ་ ༨༥ ཡིན་པའི་ཧཱང་ཆཱེ་ཡི་ཨ་མ་པའུ་ཝིན་ཆཱིན་ (Pu Wenqing) གྱིས་ཧྥ་རན་སིའི་གསར་ཁང་ཞིག་ལ། ངའི་བུའི་ད་ལྟའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དང་། ངས་རང་གི་བུ་བཙོན་ཁང་དུ་འཆི་རུ་འཇུག་མི་འདོད་པས། ངའི་རེ་བར་གཞུང་ཕྱོགས་ནས་ཁོང་ལ་སྨན་བཅོས་བྱེད་དུ་འཇུག་རོགས་ཞེས་བརྗོད་ཡོད་པ་མ་ཟད། ཟླ་སྔོན་མའི་ནང་ཁོ་མོ་པེ་ཅིན་གྲོང་ཁྱེར་དུ་སོང་ནས་གོང་རིམ་མགོ་འཁྲིད་ཚོར་བུའི་ནད་གཞི་དང་ད་ལྟའི་གནས་བབ་སྨན་བཅོས་བྱ་བཅུག་དགོས་པའི་སྐོར་ལ་ཡར་ཞུ་བྱས་ཡོད་འདུག

ཧཱང་ཆྰེ་ནི་ད་ལོ་རང་ལོ་ ༥༥ ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་དོན་རྐྱེན་རྗེས་དྲུག་བཞི་དྲ་བ་ (64 Tianwang) སྒོ་འབྱེད་བྱས་ཏེ་དོན་རྐྱེན་དང་འབྲེལ་བའི་གནས་ཚུལ་དང་ལྐོག་ཟ་རུལ་སུངས་སྐོར། ཉེན་རྟོག་པས་དྲག་སྤྱོད་ཀྱིས་མི་མང་ལ་བཅར་རྡུང་བྱེད་བཞིན་པ་དང་། དེ་བཞིན་རྒྱ་ནག་གི་དྲ་རྒྱ་ཁག་ནང་སྤེལ་བཞིན་མེད་པའི་གནས་ཚུལ་ཁག་སྤེལ་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༠༨ ལོའི་སི་ཁྲོན་ས་ཡོམ་སྐབས་སློབ་ཕྲུག་མང་པོ་ཤི་སྐྱོན་བྱུང་བས་སློབ་གྲྭའི་འཛུགས་སྐྲུན་ལ་དོགས་སློང་བྱས་རྐྱེན།  རྒྱ་ནག་གཞུང་གིས་ཁོང་ལ་ལོ་ ༣  ཁྲིམས་ཐག་བཅད་ཡོད་པ་དང་།  ཕྱི་ལོ་ ༢༠༡༤ ལོ་བུད་མེད་ཞིག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མེར་སྲེག་བྱས་པའི་སྐོར་བཀོད་པར་བརྟེན་ཁོང་དང་གསར་འགོད་པ་ ༣ བཅས་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་དུ་བཅུག་པའི་ཉེས་མིང་འོག ད་ལྟ་སི་ཁྲོན་ཞིང་ཆེན་གྱི་མིན་ཡཱང་བཀག་ཉར་ཁང་ (Mianyang Detention Centre) དུ་བཙོན་འཇུག་བྱས་ཡོད་འདུག

ཐེངས་འདིར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྤེལ་བའི་ཡོངས་ཁྱབ་བསྒྲགས་ཡིག་གི་མཇུག་ཏུ།  ཧཱང་ཆཱེ་ཡི་འཕྲོད་བསྟེན་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་ལ་གནས་སྐབས་རིང་བཙོན་གྲོལ་གྱིས་སྨན་བཅོས་བྱེད་དགོས་པའི་ཞུ་ཡིག་སྤྲད་ཀྱང་། རྒྱ་གཞུང་གིས་བསྟུད་མར་ཞུ་ཡིག་རྣམས་ལ་ངོས་ལེན་བྱས་མེད་པ་མ་ཟད། རྒྱལ་ཁབ་་ཀྱི་གསང་བ་ཕྱིར་གྱར་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཆད་གཅོད་སྲིད་སྐོར་བརྗོད་ཡོད་པ་སྤེལ་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༠༧

Leave a Reply

One thought on “ཧཱང་ཆཱེ་མྱུར་དུ་གློད་གྲོལ་གྱིས་སྨན་བཅོས་བྱ་དགོས།

  1. དེ་བཞིན་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག

    བསྟན་འཛིན་དགེ་ལེགས་རིན་པོ་ཆེ་སུ་རེད་དམ་ལགས