རྒྱ་ནག་གི་གོ་མཚོན་བཟོ་སྐྲུན་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན།

འཇར་མན་གཞུང་ནས་རྒྱ་ནག་གི་གོ་མཚོན་བཟོ་སྐྲུན་ཕྱི་གསལ་ནང་གསལ་མེད་པས་གོ་མཚོན་ཚོད་འཛིན་ཆིངས་ཡིག་ནང་ཞུགས་ན་ཡག་པོ་ཡོད་སྐོར་བརྗོད་འདུགདེ་རིང་སྔ་དྲོར་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཧའེ་ཀོ་མ་སི་ལགས་ (Heiko Maas) ཀྱིས། མི་འགྱངས་བར་ཁོང་རྒྱ་ནག་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕེབས་འཆར་ཡོད་པ་དང་། དེང་སང་མི་གཟུགས་འཕྲུལ་ཆས་དང་མཁའ་སྤྱོད་གོ་མཚོན་ནི་ཚན་རིག་གི་རྟོག་སྒྲུང་ནས་དངོས་སྒྲུང་ལྟ་བུར་འགྱུར་བཞིན་ཡོད་པས། རྒྱ་ནག་གི་གོ་མཚོན་བཟོ་སྐྲུན་ཚོད་འཛིན་བྱེད་པའི་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

འཇར་མན་གྱི་ (Die Welt) གསར་ཁང་ལ་ཧའེ་ཀོ་མ་སི་ལགས་ཀྱིས། ང་ཚོས་གོ་མཚོན་གྱི་མ་ལག་གསར་པ་གོང་འཕེལ་གཏོང་པ་དང་མཉམ་དུ་དེར་སྒྲིག་གཞི་ཡང་དགོས་ཀྱི་འདུག གོ་མཚོན་གསར་བཟོ་ལ་ཚད་འཛིན་དང་ཕྱི་གསལ་ནང་གསལ་བཟོ་རྒྱུར་འབད་རྩོན་བྱ་རྒྱུ་ཡིན་ལ། རྒྱ་ནག་ཀྱང་གོ་མཚོན་ཚོད་འཛིན་ཆིངས་ཡིག་གི་ཁུངས་སུ་འཛུལ་ཐུབ་ཚེ་ཡག་པོ་འདུག ཅེས་བརྗོད་འདུག་ལ། ད་ལྟའི་ཆར་རྒྱ་ནག་ཆིངས་ཡིག་དེའི་ཁོངས་གཏོགས་རྒྱལ་ཁབ་མིན་པས་གོ་མཚོན་གསར་བཟོའི་ཐད་ཕྱི་གསལ་ནང་གསལ་མེད་པའི་དཀའ་རྙོག་ཡོང་གི་ཡོད་པ་རེད།

ཟླ་སྔོན་མའི་ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ཕྱི་ལོ་ ༡༩༨༧ ལོར་ཨ་རི་དང་ཨུ་རུ་སུ་བར་གྲང་དམག་གི་གོ་མཚོན་འགྲན་བསྡུར་སྐབས་བཞག་པའི་གོ་མཚོན་ཚོད་འཛིན་ཆིངས་ཡིག་ (Intermediate-Range Nuclear Forces Treaty) གི་རྩ་འཛིན་ཡིག་ཆ་ཨུ་རུ་སུས་རྩིས་མེད་བཏང་སྟེ། ཕྱི་ལོ་ ༢༠༠༨ ནས་གོ་མཚོན་གསར་བཟོ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་ཆིངས་ཡིག་དེའི་ཁུངས་གཏོགས་རྒྱལ་ཁབ་མིན་པས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ནང་ཚད་མཐོ་བའི་གོ་མཚོན་གསར་བཟོ་བྱས་ཏེ་ནུས་པ་རྒྱ་སྐྱེད་གཏོང་བཞིན་ཡོད་སྟབས། ཨ་རི་ཆིངས་ཡིག་དེའི་ཁུངས་ནས་ཕྱིར་འཐོན་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

ཡང་ཁོང་གིས། འཇར་མན་གྱིས་ཨ་རི་དང་ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་ (NATO)གི་གོ་མཚོན་གསར་བཟོ་ཚོད་འཛིན་ཆེད་བཞག་པའི་ཆིངས་ཡིག་དེའི་ཐད་གྲོས་མོལ་བྱེད་མུས་ཡིན་པ་དང་། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སིར་ཇི་ལཱ་རོ་ (Sergei Lavrov) ལ་ཡང་ཆིངས་ཡིག་རྩ་འཛིན་བཞིན་གོ་མཚོན་བཟོ་སྐྲུན་ཕྱི་གསལ་ནང་གསལ་དགོས་པ་ནན་སྐུལ་བྱས་ཡོད་སྐོར་བརྗོད་འདུག

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་ཨ་རི་དང་ཨུ་རུ་སུ་གཉིས་བར་དམར་ཕྱོགས་ཀྱི་ལྟ་བ་དང་དམངས་གཙོའི་ལྟ་བའི་བར་འགལ་ཟླ་བྱུང་ནས་ཕྱོགས་གཉི་གས་གོ་མཚོན་བཟོ་སྐྲུན་གྱི་འགྲན་བསྡུར་ཤུགས་ཆེན་བྱུང་བ་དང་། ཕྱི་ལོ་ ༡༩༨༧ ལོར་རྒྱལ་ཁབ་གཉིས་བར་གྲོས་མོལ་རིམ་པ་བྱས་མཐར་འཇར་མན་ནང་གི་རྡུལ་ཕྲན་མཚོན་ཆ་ཕུད་ཡུ་རོབ་ནང་གི་རྡུལ་ཕྲན་མཚོན་ཆ་འབྲིང་བ་རྣམས་ཕྱིར་འཐེན་དང་། རྒྱལ་ཁབ་གཉིས་ཀྱི་གོ་མཚོན་གསར་བཟོ་ལ་ཚོད་འཛིན་དང་ཕན་ཚུན་བར་ཕྱི་གསལ་ནང་གསལ་བྱེད་པའི་ཆིངས་ཡིག་བཞག་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༠༧

Leave a Reply