རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར།

རྔ་བ་རྫོང་ཁོངས་ནས་ཡིན་པའི་བོད་མི་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ནང་རང་ལུས་མེར་བསྲེགས་བྱུང་བའི་པར་རིས་གནས་ཚུལ་ཐོན་པ་ལྟར།  ཟླ་འདིའི་ཚེས་ ༤ ཉིན་རྔ་བ་རྫོང་ནང་སླར་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་སླད། གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རང་ལུས་མེ་རུ་བསྒྲོན་ནས་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག” ཅེས་སྐད་འབོད་གནང་སྟེ་མཐར་འདས་གྲོངས་སུ་གྱུར་བ་ཁ་གསལ་ཆགས་འདུག་ལ། རྡོ་པོ་ལགས་ནི་ད་བར་ཤེས་རྟོགས་བྱུང་བའི་ཨ་མདོ་རྔ་བའི་ནང་བྱུང་བའི་རང་ལུས་མེར་སྲེག་གནང་མཁན་༤༡ པ་ཡིན་པ་རེད།

ཁོང་འདས་གྲོངས་སུ་སོང་རྗེས་སྐུ་ཕུང་རྒྱ་གཞུང་གིས་འཕྲོག་ཡོད་མེད་དང་ཤུལ་ལུས་ནང་མིའི་གནས་སྟངས་ཅི་འདྲ་ཡིན་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྡོ་པོ་ལགས་ནི་རྔ་བ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་ཞིང་། རང་ལོ་ ༢༣་ཡིན་པ་དང་། ཕ་མིང་ལ་གཅོད་པ་དང་། མ་མིང་ལ་འཕྲིན་ལས་སྐྱིད་ཟེར་བ་དང་།  ཨ་མ་ལགས་ལོ་ཤས་གོང་ནས་གྲོངས་ཡོད་འདུག དེང་སྐབས་ཁོང་ཨ་ཞང་འཇམ་དཔལ་གྲགས་པ་ཚང་གི་ནང་ལ་གཏན་སྡོད་བྱས་ནས་ཡོད་པ་དང་།  བྱ་སྐོར་སྡེ་བ་ནི་འབྲོག་ལས་ལ་བརྟེན་པའི་འབྲོག་སྡེ་ཞིག་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས།

བསྐྱར་བཅོས།: ༢༠༡༨/༡༡/༠༩

Leave a Reply

One thought on “རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར།

  1. 🕯🙏 བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་བ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིག་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་གཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་བཛོད།། 🙏 ཨེ་མ། ཨེ་མ། 🕯🕯🕯😟😞😔😢😪 བོད་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ།