བོད་ལ་རང་སྐྱོང་ཚད་མཐོ་བོ་ཡོད་ཟེར།

སི་ཝེ་ཌན་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀེའུ་ཚོང་ཡུའུ་ཡིས་བོད་རྒྱ་འབྲེལ་མོལ་བྱེད་པའི་སྔོན་འགྲོ་ཆ་རྐྱེན་ནི་བོད་མིས་རང་བཙན་ལངས་ཕྱོགས་དོར་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་ལེན་བྱེད་དགོས་སྐོར་བརྗོད།
ཁ་སང་སི་ཝེ་ཌན་གྱི་གཞུང་འབྲེལ་མིན་པའི་བདེ་སྲུང་དང་ཡར་རྒྱས་སྲིད་བྱུས་ཁང་ (Institute for Security & Development Policy) གི་གོ་སྒྲིག་འོག རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་བ་ཞི་འགྲིག་ཕྱོགས་སུ་སྐྱོད་པ་ (China-Europe Relations – Toward Reconciling Diverging Interests)  ཞེས་པའི་བརྗོད་གཞི་ཐོག་ཡུལ་དེའི་ནང་གནས་སྡོད་རྒྱ་ནག་གཞུང་ཚབ་པ་ཀེའུ་ཚོང་ཡུའུ་(Gui Congyou) དང་ལྷན་དུ་ས་གནས་བོད་མི་དང་། རྒྱ་རིགས་སོགས་ཀྱི་སྐྱབས་བཅོལ་སློབ་མ་ ༥༠ ཙམ་འཛོམས་ཏེ་གཏམ་བཤད་དང་དྲི་བ་དྲིས་ལན་ཞིག་གནང་ཡོད་པ་དང་། སྐབས་དེར་ཀེའུ་ཚོང་ཡུའུ་ཡིས་ད་བར་དུ་ང་སྒེར་གྱི་ངོས་ནས་ཏཱ་ལའི་རུ་ཚོགས་ཕྱོགས་ནས་རང་བཙན་དོར་བ་དང་དབུས་གཞུང་གི་མགོ་འཁྲིད་ལ་དང་ལེན་བྱེད་པ་གོ་མ་བྱུང་སྐོར་བརྗོད་འདུག

གཏམ་བཤད་སྐབས་ཀེའུ་ཚོང་ཡུས་ཀྱིས། རྒྱུད་གཅིག་ལམ་གཅིག་གི་གལ་གནད་དང་དེས་རྒྱ་ནག་ཇི་ལྟར་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་སྐོར་དང་། ཐའེ་ཝན་དང་བོད་མི་ཁ་བྲལ་བས་རང་བཙན་འཐབ་རྩོད་བྱེད་བཞིན་ཡོད་ལུགས། དེ་བཞིན་སི་ཝེ་ཌན་དང་རྒྱ་ནག་བར་གྲོས་མོལ་གྱིས་མཉམ་འབྲེལ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་བཤད་ཡོད་འདུག དྲི་བ་དྲིས་ལན་སྐབས་སི་ཝེ་ཌན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས། ཀེའུ་ཡིས་གྲོས་མོལ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་པ་བཞིན་བོད་མི་ཚོའི་མངོན་འདོད་ནི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ཆེས་མཐོའི་རང་སྲིད་རང་སྐྱོང་འཐོབ་རྒྱུ་དེ་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་རྒྱ་གཉིས་བར་གྲོས་མོལ་གནང་གི་མེད་པའི་རྒྱུ་མཚན་ཅི་ཡིན་དྲིས་པར་ཀེའུ་ཚོང་ཡུའུ་ཡིས།  ལོ་བཅུ་ཙམ་སྔོན་ལ་རྒྱ་གཞུང་གིས་བོད་མི་དང་བཙན་བྱོལ་བོད་གཞུང་ཟེར་བ་དེའི་སྐུ་ཚབ་མགྲོན་འབོད་ཀྱིས་གྲོས་མོལ་བྱས་པ་རེད། འོན་ཀྱང་གོང་དུ་ངས་བཤད་པ་བཞིན་ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་ཞིག་དགོས་རེད། དེ་ནི་ཏཱ་ལའི་རུ་ཚོགས་ཀྱི་རང་བཙན་འདོར་དགོས་པ་རེད་ལ། རྒྱ་ནག་དབུས་གཞུང་གི་མགོ་འཁྲིད་ལ་ངོས་ལེན་བྱེད་དགོས་པ་རེད། ད་སྔ་བར་དུ་ང་སྒེར་གྱི་ངོས་ནས་ཏཱ་ལའི་རུ་ཚོགས་ཕྱོགས་ནས་རང་བཙན་དོར་བ་དང་དབུས་གཞུང་གི་མགོ་འཁྲིད་དང་ལེན་བྱས་པ་གོ་མ་བྱུང་། ཏཱ་ལའི་རུ་ཚོགས་ཕྱོགས་ནས་རྟག་ཏུ་བོད་དང་རྒྱ་ནག་གི་གནད་དོན་གྱི་འབྲེལ་བ་ཟེར་གྱི་འདུག་པས་ངས་དེར་ངོས་འཛིན་བྱེད་ཀྱི་མེད། དོན་དངོས་ནི་རྒྱ་ནག་དབུས་གཞུང་དང་ཏཱ་ལའི་རུ་ཚོགས་བར་གྱི་གནད་དོན་ཞིག་རེད། བོད་དང་རྒྱ་ནག་གཉིས་འདྲ་མཉམ་གྱི་གཞི་གཅིག་ལ་འཇོག་ཐབས་ཡོད་པ་མ་རེད། ཅེས་བརྗོད་འདུག

ཡང་ཀོའུ་ཚོང་ཡུའུ་ཡིས། རང་སྐྱོང་ལ་ཆ་བཞག་ནས་བཤད་ན་བོད་རང་སྐྱོང་ལྗོངས་ལ་ཡོད་པའི་རང་སྐྱོང་ནི་ཚད་མཐོའི་རང་སྐྱོང་རེད། བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ནི་བོད་མི་ཞིག་ཡིན་པ་དང་། ས་གནས་རང་སྐྱོང་གི་མགོ་འཁྲིད་གཞན་ཆ་ཚང་བོད་མི་རེད། ངས་བལྟས་ན་དེ་ནི་བོད་ལ་ཆེས་མཐོའི་རང་སྐྱོང་ཡོད་པའི་གཞི་རྩའི་བདེན་དཔང་རེད་ལ། རང་སྐྱོང་གི་ཐད་ནས་དཀའ་ངལ་ཅི་ཡང་མེད་པ་རེད། བོད་ལ་འགྲོ་རྒྱུའི་གོ་སྐབས་ང་ལ་མང་པོ་ཐོབ་སོང་ཡང་། སྟབས་མ་ལེགས་པ་ཞིག་ལ་ལས་ཀའི་བྲེལ་འཚུབ་ཀྱི་དབང་གིས་གོ་སྐབས་ཆ་ཚང་ལེན་ཐུབ་མ་སོང་། ཕྱི་ལོ་ ༢༠༡༦ ལོའི་དབྱར་ཁ་ཞིག་ལ་མཚོ་སྔོན་པོའི་ཕྱོགས་སུ་ང་དང་བཟའ་ཟླ་གཉིས་སྒེར་ངོས་ནས་ཡུལ་སྐོར་ལ་འགྲོ་རྒྱུ་བྱུང་སོང་། ང་ཚོའི་སྣེ་ཤན་པ་དང་འདུག་སའི་མགྲོན་ཁང་དང་ཟ་ཁང་གི་བདག་པོ་སོགས་ཚང་མ་བོད་པ་རེད་ལ། ཁོང་ཚོའི་འཚོ་བ་བདེ་སྐྱིད་དང་ཞི་འཇགས་རེད་འདུག གལ་སྲིད་ཁྱེད་རང་ཚོར་ཡང་གོ་སྐབས་རག་ཚེ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཕྱོགས་སུ་ཐེངས་ཤིག་འགྲོ་རྒྱུར་མཚམས་སྦྱོར་བྱེད་འདོད་བྱུང་། ཉེ་ཆར་ཚོགས་པའི་ཇི་ནི་ཝེའི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཐོག་རྒྱ་ནག་གི་སྐུ་ཚབ་ཀྱིས་རྒྱ་གཞུང་གི་བོད་ནང་ཡུལ་སྐོར་སྒོ་འབྱེད་ཀྱི་སྲིད་བྱུས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད། བོད་ལ་སྐོར་སྐྱོད་དུ་འགྲོ་འདོད་ཡོད་པའི་སི་ཝེ་ཌན་གྱི་མི་མང་རྣམས་ལ་ང་སྒེར་ངོས་ནས་མགྲོན་འབོད་དགའ་བསུ་བྱེད་བཞིན་ཡོད། ཅེས་སོགས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༠༩

Leave a Reply

One thought on “བོད་ལ་རང་སྐྱོང་ཚད་མཐོ་བོ་ཡོད་ཟེར།

  1. ཅོ་གི་སྐད་ཆ་ཡག་པོ་བཤད་འདུག ཕྱོགས་གཅིག་ལ་ བོད་རང་སྐྱོང་ལྗོངས་ཚད་མཐོ་པོ་ཡིན་ཟེར། ཕྱོགས་གཅིག་ལ་ བོད་དང་རྒྱ་ནག་གཉིས་འདྲ་མཉམ་འཇོག་ཐབས་མེད་ཟེར། ཧ ཧ ཧ 😂🤣😂 ཨ་ཡུ། དེ་འདྲ་དགོད་བྲོ་པོ། སྐྱག་རྫུན་གྱི་རྐུབ་ལུག 😜 བོད་དེ་རྒྱཡི་ཆ་ཤས་མིན་པ་གསལ་པོ་བསྟན་འདུག་ག ཡང་ཁོའི་ དེ་སྔ་བར་དུ་ང་སྒེར་གྱི་ངོས་ནས་ ཏཱ་ལའི་རུ་ཚོགས་ཕྱོགས་ནས་ རང་བཙན་དོར་བ་དང་། རྒྱ་དམར་གཞུང་གི་མགོ་འཁྲིད་ལ་དང་ལེན་བྱེས་པ་གོ་མ་བྱུང་ཟེར། ཧ ཧ འུག་པ་ཁོ་ ད་བར་ ག་པ་གཉིད་ཤོར་བ་ཡིན་ན། ད་བར་ག་པར་ མུག་གུད་རྒྱག་སྡད་པ་ཡིན་ནམ། ཧོ ཧོ ངོ་ཚ་མེད་མཁན་ཧམ་པ། 🤣 ༧ གོང་ས་མཆོག་ནས་གཉིས་ཕན་དབུ་མའི་ལམ་སྟོན་ནས་ལོ་ངོ་ 44 ལྷག་སོང་། འགྱུར་བ་ཐེབས་རྒྱུ་ཕར་ཞོག མཁྲེགས་སུ་བཏང་ཡོད། དཔེ་མཚོན་ནི་ ད བར་ བོད་ནང་རང་ལུས་མེར་སྲེག་དེ་རེད། འགྱུར་བ་མ་ཐེབས་པ་གང་ཡིན་ནམ་ ཕལ་ཆེར་་་ ངས་ལྟས་ན་་་ ད་ལྟ་རྒྱ་དམར་གྱི་མགོ་འཁྲིད་ཚོ་ ཆེ་ཀླ་ཀློ། ཆེ་དམུ་རྒོད། ཆེ་གཏུམ་པོ། ཆེ་དུད་འགྲོ་ཡིན་པ་ ☠️ མཚོན་པ་མ་རེད་དམ། ❓❗️