གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་གཟེངས་རྟགས་སྤྲད།

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་ལྟར་ན་འདི་ལོར་འཛམ་གླིང་ཡོངས་སུ་གསར་འགོད་རང་དབང་ཆེས་སྐྱོ་བའི་རྒྱལ་ཁབ་ ༥ ནི་རྒྱ་ནག་དང་སེ་རི་ཡ། ཊཱར་ཁེ་མཱེ་ནཱེ་སི་ཐན། ཨེ་རེ་ཊི་རཱ། བྱང་ཀོ་རི་ཡ་བཅས་རེད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༡༨ ལོའི་གསར་འགོད་རང་དབང་གི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེ་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ཏུ་ཚོགས་ཡོད་པ་དང་། ད་ལོའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་རང་དབང་གསར་འགོད་གཟེངས་རྟགས་དེ་ཧྥེ་ལི་པིན་གྱི་གསར་འགོད་པ་ཨེན་ཊི་ཨེ་སི་པཱེ་ནཱ་ཝ་རོ་ནཱ་(Inday Espina-Varona)ལགས་ལ་སྤྲད་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་གསར་འགོད་པ་སི་ཝེ་ཊེ་ཆཱ་ཊཱར་ཝེ་དྷེ་(Swati Chaturvedi)ལགས་ལ་སྙིང་སྟོབས་ཅན་གྱི་གསར་འགོད་གཟེངས་རྟགས་དང་། མལ་ཊཱ་རྒྱལ་ཁབ་ཀྱི་གསར་འགོད་པ་མཱ་ཊི་ཐཱའོ་ཁཱ་རོ་ནཱ་གྷ་ལེ་ཛཱ(Matthew Caruana Galizia)ལགས་ལ་ཤུགས་རྐྱེན་ཆེ་བའི་གསར་འགོད་གཟེངས་རྟགས་བཅས་སྤྲད་ཡོད་འདུག

ཡང་མཛད་སྒོའི་ཐོག་བྷི་བྷི་སི་གསར་ཁང་གི་རྒྱལ་སྤྱིའི་རྩོམ་སྒྲིག་འབྲེལ་མཐུད་པ་ལཱེ་སི་དྷོ་སཱ་ཊི་(Lyse Doucet)ལགས་དང་། དེ་སྔོན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ཁཱན་དྷན་དྷར་(Can Dundar)ལགས་དང་དཱ་ནཱ་ཨེར་ཧཱམ(Zaina Erhaim)ལགས། དེ་བཞིན་རྒྱ་ནག་གི་དམངས་གཙོ་དང་རང་དབང་ལས་འགུལ་བ་ཝེ་ཨེར་ཁེ་ཞེ(Wu’er Kaixi)ལགས་སོགས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཉེ་སྔོན་སོ་དྷི་ཨ་རབ་ནང་ལྐོག་གསོད་བཏང་བའི་གསར་འགོད་པ་ཇ་མལ་ཁ་ཤོ་གྷི་(Jamal Khashoggi)ལགས་དང་འབྲེལ་ཏེ། འཛམ་གླིང་གི་གསར་འགོད་རང་དབང་ལ་སྤྱི་ཡོངས་ནས་ཉེན་ཁ་སླེབས་བཞིན་པ་དང་། གསར་འགོད་རང་དབང་གི་གལ་ཆེའི་རང་བཞིན་དང་གསར་འགོད་པའི་བདེ་འཇགས་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་ཡོད་འདུག

མཛད་སྒོའི་ཐོག་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁིར་སི་ཊོ་ཧྥི་ཌི་ལོར་(Christophe Deloire)ལགས་ཀྱིས། ང་ཚོས་གསར་འགོད་པ་ཚོར་གཟེངས་རྟགས་འདི་སྤྲད་དེ། ཁོང་ཚོའི་དམིགས་བསལ་གྱི་ལས་དོན་ལ་སོ་སོའི་རྒྱལ་ཁབ་ནང་འཇིགས་སྐུལ་དང་གནོན་ཤུགས་སོགས་མི་ཡོང་བར་བདེ་འཇགས་དང་སྲུང་སྐྱོབ་བྱེད་པའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་འདུག

ཡང་གསར་འགོད་མཐུན་ཚོགས་ཀྱི་དབྱིན་ཇིའི་ཡན་ལག་ཁང་གི་འགན་འཛིན་རེ་བྷེ་ཁཱ་ཝན་སཱན་ཊི་(Rebecca Vincent)ཡིས་ལོ་གཉིས་ཀྱི་སྔོན་དུ་དབྱིན་ཡུལ་དུ་གསར་འགོད་མཐུན་ཚོགས་ཀྱི་ཡན་ལག་ཁང་གསར་འཛུགས་ཐུབ་པ་ནས་བཟུང་། ང་ཚོས་འཛམ་གླིང་སྤྱི་ཡོངས་ལ་གལ་ཆེན་པོ་ཆགས་པའི་མཛད་སྒོ་ཞིག་ཚོགས་ཐུབ་སོང་། དབྱིན་ཡུལ་དུ་ཡོད་པའི་གསར་འགོད་པ་ཚང་མས་ལས་དོན་འདིར་དགའ་བསུ་ཆེན་པོས་རྒྱབ་སྐྱོར་བྱས་ཡོད་པ་དང་། མ་འོངས་པར་ང་ཚོ་མཉམ་དུ་གང་ན་རང་གི་ལས་རོགས་གཅིག་པ་ཚོར་དཀའ་ངལ་དང་གནོན་ཤུགས་ཡོད་ན་དེ་ཡི་རྒྱབ་ལ་ལངས་ཡོད་སྐོར་བརྗོད་འདུག

ད་ལོའི་རང་དབང་གསར་འགོད་གཟེངས་རྟགས་དེ་ཧྥི་ལི་པིན་རྒྱལ་ཁབ་ཀྱི་གསར་འགོད་པ་ཨེན་ཊི་ཨེ་སི་པེ་ནཱ་ཝ་རོ་ནཱ་(Inday Espina-Varona)ལགས་སུ་སྤྲོད་དོན་ནི། ཧྥེ་ལི་པིན་སྲིད་འཛིན་ཌོའི་ཊར་ཊི་(Rodrigo)ཡིས་བུད་མེད་ལ་དམའ་འབེབ་དང་ཁྱད་གསོད་སོགས་ཀྱི་སྐད་ཆ་མང་པོ་བཤད་པར་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཡུན་རིང་རྒོལ་ལན་སློག་ཡོད་པ་དང་། ཨེན་ཊི་ཨེ་སི་པེ་ནཱ་ཝ་རོ་ནཱ་ལགས་ཀྱིས་བུད་མེད་ཀྱི་ཐོབ་ཐང་གླེང་སའི་སྤྱི་ཚོགས་དྲ་ལམ་གསར་འགྱུར་སྤེལ་ས་ཞིག་ཆེད་འཛུགས་ཀྱིས་བུད་མེད་ཀྱི་ཐོབ་ཐང་གཙོའི་གསར་འགོད་རང་དབང་སོགས་ཀྱི་སྐོར་ནས་གསར་འགྱུར་སྤེལ་ཡོད་པ་དང་། མོ་ལ་ཉིན་ལྟར་སྐྱག་རྫུན་བཤད་མཁན་དང་བུད་མེད་མདོག་ངན་མ། ང་ཚོས་ཁྱོད་གང་ན་ཡོད་པ་ཤེས་ཀྱི་ཡོད། ཁྱོད་གསོད་ཀྱི་ཡིན་ཞེས་འཇིགས་སྐུལ་བྱེད་མཁན་གྱི་ཁ་པར་གྲངས་ཨང་དང་འཕྲིན་ཐུང་སོགས་ ༥༠ ནས་ ༨༠ བར་ཡོང་གི་ཡོད་སྐོར་བརྗོད་པ་དང་། གཟེངས་རྟགས་སྤྲོད་སྐབས་མོས་གསར་འགོད་རང་དབང་ནི་གསར་འགོད་པ་ཚོར་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མོར་གཟེངས་རྟགས་འདི་སྤྲད་པས་ཡུལ་དེའི་ན་གཞོན་ཚོར་བློ་སྤོབས་སྐྱེས་བར་སྐུལ་སློང་ཐེབས་པའི་རེ་བ་ཡོད་སྐོར་བརྗོད་འདུག

སྙིང་སྟོབས་ཅན་གྱི་གསར་འགོད་གཟེངས་རྟགས་ཐོབ་མཁན་རྒྱ་གར་གྱི་གསར་འགོད་པ་ལྕམ་སི་ཝེ་ཊེ་ཆཱ་ཊཱར་ཝེ་དྷེ་(Swati Chaturvedi)ཡིས། བྷི་ཇི་པི་མུ་དྷི་གཞུང་གིས་དྲ་ལམ་སྤྱད་ནས་གསར་འགོད་པ་ཚོར་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་བཞིན་པར་མོས་གསར་འགོད་པའི་ལག་ཆ་སྤྱད་ནས་ཕྱིར་རྒོལ་བྱས་ཡོད་པ་དང་། མོས་བྷི་ཇི་པི་ཚོགས་པའི་འཛམ་གླིང་ལ་མི་མངོན་པའི་འཕྲུལ་ཆས་ཀྱི་དམག་མི་ཞེས་པའི་དེབ་ཅིག་ཀྱང་བྲིས་ཡོད་པ་དང་། དེབ་དེ་བྲིས་རྗེས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མོ་ལ་ཁ་རྡུང་གཏོང་མཁན་དང་འཇིགས་སྐུལ་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་དང་། མོས་(AFP)གསར་ཁང་ལ་ཉིན་རེར་ལྐོག་གསོད་དང་བཙན་གཡེམ་སྐོར་གྱི་འཇིགས་སྐུལ་བྱེད་མཁན་་ ༡༥ ནས་ ༢༠ བར་ཡོང་གི་ཡོད་པ་དང་། མང་ཆེ་ཤོས་བྷི་ཇི་པི་ཚོགས་པར་རྒྱབ་སྐྱོར་དང་དགའ་བོ་བྱེད་མཁན་ཡིན་སྐོར་བརྗོད་ཡོད་པ་དང་། གཟེངས་རྟགས་སྤྲོད་སྐབས་མོས་དོན་དམ་པའི་དམངས་གཙོའི་ལྟ་བ་ནི་ཁྱེད་ཀྱིས་བསམ་ཚུལ་གང་ཞིག་བཤད་འདོད་ཀྱང་བཤད་དབང་ཡོད་པ་དེ་ཡིན་པ་དང་། ཡིད་སྐྱོ་བ་ཞིག་ལ་ཆབ་སྲིད་ཀྱི་འགྲན་རྩོད་རྐྱེན་གྱིས་གསར་འགོད་པ་མང་པོ་ཞིག་གི་ལས་དོན་ཐད་གནོན་ཤུགས་དང་འཇིགས་སྐུལ་ཡོང་གི་ཡོད་པ་རེད། ཅེས་བརྗོད་འདུག

ཤུགས་རྐྱེན་ཆེ་བའི་གསར་འགོད་གཟེངས་རྟགས་ཐོབ་མཁན་མཱལ་ཊཱ་རྒྱལ་ཁབ་ཀྱི་གསར་འགོད་པ་མཱ་ཊི་ཐཱའོ་ཁཱ་རོ་ནཱ་གྷ་ལེ་ཛཱ(Matthew Caruana Galizia)ལགས་ཀྱིས། ཁོས་ཡུན་རིང་ཡུལ་དེའི་ནང་སྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་གསར་འགོད་རང་དབང་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། ཁོང་ནི་གློག་ཀླད་མཉེན་ཆས་བཟོ་སྐྲུན་པ་ཞིག་ཡིན་པ་དང་། དེ་སྔོན་གསར་འགོད་རང་དབང་ཐད་པོ་ལེ་ཛཱར་(Pulitzer Prize)བྱ་དགའ་ཡང་ཐོབ་ཡོད་པ་དང་། ཁོས་གསར་འགོད་རང་དབང་ཐད་གོ་རྟོགས་སྤེལ་བའི་རྩོམ་ཡིག་སོགས་བྲིས་རྐྱེན། ཕྱི་ལོ་ ༢༠༡༧ ལོར་ཁོའི་ཨ་མ་རླངས་འཁོར་ནང་ལྐོག་གསོད་བྱས་ཡོད་འདུག གཟེངས་རྟགས་སྤྲོད་སྐབས་ཁོས་གཟེངས་རྟགས་འདི་ནི་ང་ཚོས་འཐབ་རྩོད་བྱེད་བཞིན་པའི་ལས་དོན་དེ་འགྲིག་ཡོད་པའི་ངོས་འཛིན་བྱས་པ་ཞིག་ཡིན་པ་དང་། མུ་མཐུད་འཐབ་རྩོད་བྱ་དགོས་པ་ཞིག་དང་མི་ཚང་མས་དོ་སྣང་དགོས་པ་ཞིག་ཡིན་སྐོར་བརྗོད་འདུག
གཞན་ཡང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ད་ལོར་དབྱིན་ཡུལ་གྱི་གསར་འགོད་པ་ཚོར་དམིགས་བསལ་གསར་འགོད་གཟེངས་རྟགས་ཞེས་པ་ཞིག་གསར་དུ་སྤྲད་ཡོད་པ་དང་། ད་ལོའི་དམིགས་བསལ་གཟེངས་རྟགས་དེ་དབྱིན་ཡུལ་གྱི་གསར་འགོད་པ་ཁཱར་རོ་ལེ་ཁཱ་དྷི་(Carole Cadwalladr)ལགས་ལ་ཐོབ་ཡོད་པ་དང་། མོས་གྷར་དྷིན(Guardian)གསར་ཁང་དང་(Observer)གསར་ཁང་སོགས་སུ་གསར་འགོད་པའི་ལས་ཀ་བྱེད་ཀྱི་ཡོད་པ་དང་། མོས་ད་ལོར་ཨ་རི་དང་དབྱིན་ཡུལ་ནང་དམངས་གཙོའི་སྤྱི་ཚོགས་ཁྲོད་བསམ་སྤྱོད་ལ་བཀག་སྡོམ་ཐེབས་པའི་སྐོར་ལ་ཞིབ་འཇུག་བྱས་ཏེ་སྙན་ཐོ་ཞིག་བཏོན་པར་བརྟེན། ཨ་རིའི་འོས་བསྡུའི་སྐབས་ངོ་དེབ་ཀྱིས་ཤུགས་རྐྱེན་སྤྲད་ཡོད་སྐོར་བརྗོད་པའི་དབྱིན་ཇིའི་(Cambridge Analytica) རྒྱལ་སྤྱིའི་ཆབ་སྲིད་ཚན་རིག་ཞིབ་འཇུག་ཐབས་ཇུས་ཚད་ཡོད་ཁང་གིས་སྤྱི་ཚོགས་དྲ་རྒྱའི་རེའུ་མིག་བསྡུ་ཉར་གྱི་མཉེན་ཆས་ཤིག་བེད་སྤྱད་དེ། ངོ་དེབ་བེད་སྤྱོད་བྱེད་མཁན་ས་ཡ་མང་པོའི་སྒེར་གྱི་གནས་ཚུལ་བསྡུ་རུབ་ཀྱི་གནད་དོན་ཕྱི་ལ་བཏོན་ཡོད་པ་དང་། དེ་བཞིན་ཨ་རི་དང་དབྱིན་ཇི་བྷི་རེ་ཟི་ཊི་(Brexit)འོས་བསྡུའི་གནད་དོན་མང་པོ་ཞིག་ཐེར་འདོན་བྱས་ཡོད། སྙན་ཐོ་དེ་བཏོན་རྗེས་མོ་ལ་མི་མང་པོ་ཞིག་གིས་གནོན་ཤུགས་དང་འཇིགས་སྐུལ་བྱས་ཡོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་ཤས་ནས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་གསར་འགོད་རང་དབང་ལ་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་འཛམ་གླིང་ཁྱོན་ཡོངས་ནས་གསར་འགོད་པ་ ༥༥ བསད་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ནང་གཅིག་པུར་གསར་འགོད་པ་ ༧༤ ལྐོག་གསོད་ཐེབས་ཡོད་འདུག ད་ལོའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་རང་དབང་སྙན་ཐོའི་ནང་འཛམ་གླིང་ཡོངས་སུ་གསར་འགོད་རང་དབང་ཆེས་སྐྱོ་བའི་རྒྱལ་ཁབ་ ༥ ནི་རྒྱ་ནག་དང་སེ་རི་ཡ། ཊཱར་ཁེ་མཱེ་ནཱེ་སི་ཐན། ཨེ་རེ་ཊི་རཱ། བྱང་ཀོ་རི་ཡ་བཅས་ཡིན་པ་གསལ་འདོན་གནང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༠༩

Leave a Reply