ང་ཡི་མེས་རྒྱལ་སེམས་ཁུངས་ན་ཡོད།

རྒྱ་ནག་གཞུང་གིས་རྔ་བ་ཁུལ་མཛོད་དགེ་རྫོང་ཁོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་དར་སྤེལ་དང་དྲིན་དྲན་སློབ་གསོ་ཞེས་པའི་འོག་ང་ཡི་མེས་རྒྱལ་སེམས་ཁུངས་ན་ཡོད་ཅེས་པའི་ཆབ་སྲིད་བྱ་འགུལ་སྤེལ་བཞིན་འདུགརྔ་བ་ཁུལ་མཛོད་དགེ་རྫོང་སྲིད་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཡང་སྙིང་རིན་ཐང་དར་སྤེལ་དང་ཏང་ཡོན་ལས་བྱེད་མང་ཚོགས་ཡོངས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིན་དྲན་སློབ་གསོ་ཟེར་བའི་ཆེད་དུ་ང་ཡི་མེས་རྒྱལ་སེམས་ཁུངས་ན་ཡོད་ཅེས་པའི་བྱ་འགུལ་ཞིག་སྤེལ་མགོ་བཙུགས་ཡོད་པ་དང་། བྱ་འགུལ་དེ་ད་ལྟའི་ཆར་མཛོད་དགེ་རྫོང་གི་ས་ཁུལ་མང་པོའི་ནང་སྤེལ་བཞིན་ཡོད་འདུག

དྲིལ་བསྒྲགས་སློབ་གསོ་ཟེར་བའི་སྐོར་གྱི་གཞུང་འབྲེལ་གསར་འགྱུར་ཞིག་གི་ནང་། སྤྲོ་སེམས་འཁོར་བའི་ངང་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་ ༦༩ ལོན་པའི་རྟེན་འབྲེལ་ཞུ་བ་དང་ཆབས་གཅིག རྐྱང་ཚ་ཡུལ་ཚོའི་ཏང་སྲིད་གཞུང་གི་ལས་བཟོ་བ་ཡོངས་ཀྱིས་ཏང་དར་དམར་པོའི་འོག་ནས་རྒྱལ་གླུ་མཐོན་པོར་སྒྲོག་བཞིན་ཏང་གི་དམ་ཚིག་སྲུང་ནས་རྒྱ་ཆེའི་མང་ཚོགས་ཡོངས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད། ཅེས་བཀོད་འདུག

རྐྱང་ཚ་ཡུལ་ཚོའི་མགོ་འཁྲིད་ཀྱིས། དེ་རིང་ང་ཚོ་རྐྱང་ཚ་ཡུལ་ཚོའི་ནང་ཁུལ་ནས་རྒྱ་དར་སྒྲེང་ཞིང་རྒྱལ་གླུ་སྒྲོག་ནས་ང་ཡི་མེས་རྒྱལ་སེམས་ཁུངས་ན་ཡོད་ཅེས་པའི་སློབ་གསོའི་བྱ་འགུལ་སྤེལ་བཞིན་ཡོད། ཏང་ཡོན་ལས་བྱེད་དང་ཞིང་བ་མང་ཚོགས་ཀྱིས་དགའ་བ་འཛུམ་གྱིས་བསུ་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་བསྟོད་གླུ་མཐོན་པོར་སྒྲོག་ཞིང་མ་འོངས་པའི་གནད་འཁེལ་དབུལ་སྐྱོར་ལས་དོན་ངོས་ནས་གོང་འོག་ཚང་མའི་སྟོབས་ཤུགས་གཅིག་གྱུར་བྱས་ཏེ་སྣང་བརྙན་གསར་པ་བསྐྲུན་ངེས་པའི་རེ་བ་བཞག་སོང་། ཞེས་བརྗོད་འདུག

གཞན་ཡང་རྐྱང་ཚ་དགུ་རོང་སྡེ་བའི་མགོ་འཁྲིད་ཀྱིས། དེ་རིང་ང་ཚོའི་སྡེ་བའི་རྒྱལ་གླུ་ལེན་བཞིན་རྒྱལ་དར་མཐོན་པོར་སྒྲེང་ནས་ཏང་གི་ཡང་དག་པའི་སྲིད་ཇུས་འོག་ཡུལ་གྲོང་གཉོམ་ཆུང་ལས་འཛུགས་ངོས་ནས་སྐུལ་འདེད་བྱས་ཏེ་ཆུ་དང་ལམ་མེད་སར་དེ་དག་ཚང་མ་འཛོམས་པོ་བྱས་ནས་ས་གནས་མང་ཚོགས་ལ་ཅི་ནུས་གང་ལྕོགས་ཀྱིས་དམངས་ཕན་བྱ་བ་སྒྲུབ་དང་སྒྲུབ་བཞིན་ཡོད་ལ། མ་འོངས་བར་ད་དུང་མུ་མཐུད་དུ་དམངས་ལ་ཕན་པའི་བྱ་བ་སྒྲུབ་ངེས་ཡིན། ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་ཁོངས་ཀྱི་དགོན་སྡེ་ཁག་མང་པོའི་ནང་དུས་རྒྱུན་རྒྱལ་གཅེས་ཆོས་གཅེས་དང་མེས་རྒྱལ་ལ་དགའ་ཞེན་ཟེར་བ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་སྤེལ་བཞིན་ཡོད་པ་དང་། དེ་བཞིན། ཉེ་སྔོན་མཛོད་དགེ་རྫོང་གི་ཁོངས་གཏོགས་དབུལ་ཁྱིམ་ཚོའི་ནང་དུ་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་འདྲ་པར་སྒྲིག་ཤོམ་དང་། རྒྱ་ནག་གི་དར་དམར་ཁང་ཐོག་ཏུ་སྒྲེང་བ་སོགས་བྱེད་བཅུག་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ ༤༠ དང་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༦༩ ལོན་པར་བརྟེན། ལོ་ངོ་དེ་དག་གི་རིང་ལ་གཞུང་གིས་མི་མང་ལ་ཕན་ཐོགས་མང་པོ་ཞིག་བསྒྲུབས་ཡོད་པ་དང་། གྲུབ་འབྲས་མང་པོ་ཞིག་ལེན་ཐུབ་ཡོད་སྐོར་སོགས་བརྗོད་ནས་བོད་ཀྱི་ས་ཁུལ་མང་པོའི་ནང་མིང་འདྲ་མིན་གྱི་འོག་ནས་ཆབ་སྲིད་དྲིལ་བསྒྲགས་ཀྱི་སློབ་གསོ་སྣ་ཚོགས་སྤེལ་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༡༣

Leave a Reply

One thought on “ང་ཡི་མེས་རྒྱལ་སེམས་ཁུངས་ན་ཡོད།

  1. སྙིང་རེ་རྗེ་། སྡུག་སྨྱངས་མཁན་་བོད་རིགས་། མགོ་འཁྲིད་ནས་ སྐད་ཆ་བཤད་མཁན་ཡང་བོད་རིགས།
    ཁག་ རེད། ལྷ་སྲུང་མ་གང་དུ་ཡོད། ཡུལ་ལྷ་རྣམས་གཉིད་ཉལ་ནས་བསྡད་པ་སེམས་པ་སྐྱོ།
    མི་རབས་ནས་མི་རབས་བར། ཚེ་རབས་ནས་ཚེ་རབས་བར་ལྷ་སྲུང་ལ་བློ་བཅོལ་བ་དེ ་ ་་་་་་་་་་་་་ད་སྡུག་བསྔལ་ནས་སྐྱོབས་མ་ཐུབ་པ་སེམས་གཏིང་ནས་སྐྱོ་ལགས
    ་་་ད་དུང་བཤད་རྒྱུ་མང་ཡོད།
    སྐྱོབ