ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་གིས་བོད་མི་ཞིག་བདམས། 

འཛམ་གླིང་གི་དྲག་རྩལ་ཁང་ཆེ་ཤོས་ཨ་རིའི་ཡོ་ཨེ་ཧྥི་སི་ཡིས་བོད་རིགས་ཁུ་ཚུར་དྲག་རྩལ་པ་བསོད་ནམས་དར་རྒྱས་ལགས་ཚོགས་ཁོངས་སུ་བདམས་ཏེ་མི་འགྱངས་བར་ཁུ་ཚུར་དྲག་རྩལ་འགྲན་སྡུར་བྱ་རྒྱུ་ཡིན་འདུག
རྒྱལ་སྤྱིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཛམ་གླིང་གི་དྲག་རྩལ་ཁང་ཆེ་ཤོས་ཡོ་ཨེ་ཧྤི་སི་(UFC)ཡིས། རྒྱལ་སྤྱི་རང་བཞིན་གྱི་འགྲན་ཚོགས་ཤིག་བསྡུ་འཆར་ཡོད་པ་དང་། དྲག་རྩལ་ཁང་དེས་རྒྱ་ནག་རྒྱལ་ཡོངས་ནས་དྲག་རྩལ་པ་རྩེ་ཕུད་འགའ་འདེམས་སྒྲུག་བྱས་ཡོད་པའི་ཁྲོད། མགོན་པོ་བོད་ཀྱི་དྲག་རྩལ་ཁང་གི་ཁུ་ཚུར་དྲག་རྩལ་པ་བསོད་ནམས་དར་རྒྱས་ལགས་བདམས་ཡོད་པ་དང་། ཁོང་ནི་དྲག་རྩལ་ཁང་དེའི་ནང་ཚུད་པའི་བོད་རིགས་དྲག་རྩལ་པ་ཐོག་མ་དེ་ཆགས་ཡོད་འདུག

ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་གི་ཚོགས་གཞོན་ཁེ་བན་ཆིང་(Kevin Chang)གིས། རྒྱ་ནག་ནི་ང་ཚོའི་དྲག་རྩལ་འགྲན་སྡུར་འཕེལ་རྒྱས་ཀྱི་ལམ་ཁ་གཉིས་པ་དེ་ཡིན་པས། རྒྱ་ནག་གི་དྲག་རྩལ་འགྲན་སྡུར་གྱི་ཁྲོམ་རའི་རམ་འདེགས་འོག་ང་ཚོར་རྒྱལ་སྤྱིའི་སྒང་ལེགས་འགྲུབ་ཡག་པོ་ཡོང་གི་ཡོད་ལ། ང་ཚོས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་དྲག་རྩལ་འགྲན་སྡུར་ཐད་གཏོང་བྱེད་པར་རྔམ་གྱི་ཡོད། ཅེས་བརྗོད་འདུག

ཡོ་ཨེ་ཧྥི་སི་གཞུང་འབྲེལ་དྲ་ངོས་སུ་གནས་ཚུལ་སྤེལ་བ་ལྟར་ན། བསོད་ནམས་དར་རྒྱས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་དྲག་རྩལ་འགྲན་སྡུར་བ་ལོ་ཝི་སི་སི་མོལ་གའི་(LOUIS SMOLKA)ལྷན་དུ་འགྲན་སྡུར་བྱ་རྒྱུ་ཡིན་པ་དང་། ལོ་ཝི་སི་སི་མོལ་གའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་ ༡༢༥ ཡོད་པ་དང་། བསོད་ནམས་དར་རྒྱས་ལགས་ཡོ་ཨེ་ཧྥི་སི་འགྲན་སྡུར་ནང་ཞུགས་པ་ཐོག་མ་དེ་ཡིན་པས། ད་ལྟའི་ཆར་ཁོའི་གཟུགས་པོའི་ལྗིད་ཚད་དང་མཐོ་ཚད། ད་དུང་འགྲན་སྡུར་གྱི་སྐར་གྲངས་སོགས་བཀོད་མི་འདུག་ལ། དྲ་རྒྱའི་སྟེང་ཁོའི་མིང་ལ་སོའོ་མོ་རྡར་ཇེ་(Sumudaerji)ཞེས་བྲིས་འདུག

ཡང་ཡོ་ཨེ་ཧྥི་སི་དྲག་རྩལ་ཚོགས་པའི་གནས་ཚུལ་ནང་། ཚོགས་པ་དེས་ལོ་རྗེས་མར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་ཨ་སྒོར་ས་ཡ་ ༡༣ བཏང་སྟེ། འཛམ་གླིང་གི་དྲག་རྩལ་འགྲན་སྡུར་ཁང་ཆེ་ཤོས་ཤིག་རྒྱག་འཆར་ཡོད་པ་དང་། རྒྱ་ནག་གི་ཡོ་ཨེ་ཧྤི་སི་དྲག་རྩལ་ཆེད་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་མེག་ཁེལ་མྰ་(Michael Ma)ལགས་ཀྱིས། ལོ་སྔོན་མར་རྒྱ་ནག་ནང་རྒྱལ་སྤྱིའི་ཡོ་ཨེ་ཧྥི་སི་དྲག་རྩལ་འགྲན་སྡུར་ཚོགས་ཐུབ་ཡོད་པར་བརྟེན། ད་ལྟ་རྒྱ་ནག་ནང་དྲག་རྩལ་འགྲན་སྡུར་གྱི་མཚན་སྙན་འབར་བཞིན་ཡོད་ལ། ང་ཚོས་རྒྱ་ནག་གི་ལྟད་མོ་བ་ཚོར་ཁྱད་དུ་འཕགས་པའི་རྒྱལ་སྤྱིའི་དྲག་རྩལ་འགྲན་སྡུར་རིགས་ཐད་གཏོང་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་རྒྱ་ནག་ཏུ་འཛུགས་བཞིན་ཡོད་པ་དེས་རྒྱ་ནག་གི་དྲག་རྩལ་པ་ཚོར་སོ་སོའི་དྲག་རྩལ་ངོམ་སའི་སྡིངས་ཆ་ཞིག་ཆགས་ཀྱི་ཡོད་པ་དང་། འདི་ལོར་ཨ་རིའི་ཡོ་ཨེ་ཧྥི་སི་ཚོགས་པས་རྒྱ་ནག་ནས་དྲག་རྩལ་འགྲན་སྡུར་བ་བསོད་ནམས་དར་རྒྱས་དང་སོན་ཡྰ་ཏུང་(Song Yadong)། ལི་ཇིན་ཉང་(Li Jingliang)། དེ་བཞིན། སོང་ཁུ་ནན(Song Kenan)། ཕིན་ཡན་ལོའུ(Pingyuan Liu)སོགས་རྩེ་ཕུད་དྲག་རྩལ་མི་སྣ་རྐྱང་རྐྱང་འདེམས་སྒྲུག་བྱས་ཡོད་འདུག

བསོད་ནམས་དར་རྒྱས་སམ་བོད་ཀྱི་ཐང་དཀར་ལགས་ནི་རྔ་བ་ཁུལ་ཁྲོ་ཆུ་རྫོང་ནས་ཡིན་ཞིང་། མགོན་པོའི་དྲག་རྩལ་ཁང་གི་དྲག་རྩལ་པ་ཞིག་ཡིན་ལ། དེ་སྔོན་རྒྱ་ནག་རྒྱལ་ཡོངས་ཀྱི་དྲག་རྩལ་འགྲན་སྡུར་རིམ་པའི་སྟེང་རྒྱལ་ཁ་ཐོབ་ཡོད་པ་དང་། དམིགས་བསལ་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་ཧེ་ནན་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་(武林笼中对)ཞེས་པའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་༥༧ ཅན་གྱི་འགྲན་རྩོད་ཐོག་ཨང་དང་པོ་བླངས་ནས་གསེར་གྱི་སྐེ་རགས་ཐོབ་ཡོད་པ་རེད།

ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་འགྲན་སྡུར་ནི་འཛམ་གླིང་ནང་ཚད་མཐོ་ཤོས་དང་གཞི་རྒྱ་ཆེ་ཤོས་ཀྱི་(MMA)སྣ་འཛོམས་དྲག་རྩལ་འགྲན་སྡུར་ཞིག་ཡིན་པ་དང་། ད་བར་དྲག་རྩལ་ཁང་དེ་ནས་ཁོ་ནོར་མེག་གྷེ་གྷོར་(Conor Mcgregor)དང་། མེ་ཁེལ་བྷི་སི་ཕུ་(Micheal Bisping) སི་ཊི་ཕུ་མོ་སི་ཆི་(Stipe Miocic) དེ་བཞིན། ཊི་རོན་ཝོ་ཌི་ལེ་(Tyron Woodley)དང་སི་ཊི་ཧྥན་ཐོམ་སན་(Stephen Thompson)སོགས་འཛམ་གླིང་ནང་མིང་གྲགས་ཅན་གྱི་ཁུ་ཚུར་དྲག་རྩལ་བ་མང་པོ་ཐོན་ཡོད་འདུག་ལ། ད་ལྟའི་ཆར་ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཚོགས་པར་ཁྱོན་དྲག་རྩལ་བ་བུ་ ༣༧༥ དང་བུ་མོ་ ༦༤ བཅས་ཁྱོན་དྲག་རྩལ་པ་༤༣༩ ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༡/༢༠

Leave a Reply