གློག་བརྙན་ལག་དམར་ལ་བསྐྱར་དུ་བྱ་དགའ་ཐོབ།

ཉི་ཧོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་ལ་དཔྱད་བརྗོད་པའི་བྱ་དགའ་ཐོབ་འདུག
ཁ་སང་ཧོ་ལེ་ཝོ་ཌི་(hollywoodreporter)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ཕྱི་ཚེས་ ༡༧ ནས་ ༢༤ བར་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ནང་ཚོགས་པའི་ཉི་ཧོང་(FILMeX)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༩ པའི་སྟེང་། བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་རམ་སྦྱིན་པ་ལ་དཔྱད་བརྗོད་པའི་བྱ་དགའ་ཐོབ་ཡོད་པ་དང་། གློག་བརྙན་དེར་ཉེ་སྔོན་ཨེ་ཊི་ལེ་ཡི་ཝཱ་ནེ་སི་(Venice)ནས་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད།

གློག་བརྙན་དུས་སྟོན་གྱི་འགན་འཛིན་(Shozo Ichiyama)གསར་འགོད་པར། གློག་བརྙན་དུས་སྟོན་འདི་ནི་དམིགས་བསལ་རང་དབང་དང་གསར་གཏོད་ཅན་ལ་ཁ་ཕྱོགས་པའི་དུས་སྟོན་ཞིག་ཡིན་པ་དང་། ད་ལོར་གློག་བརྙན་དུས་སྟོན་སྟེང་གློག་བརྙན་ ༡༣༥༠༠ ཙམ་ཞུགས་པ་ལས་གློག་བརྙན་ ༤༥ དམིགས་འདེམས་ཀྱིས་བསྟན་ཡོད་པ་དང་། སྔར་ལོ་དང་བསྡུར་ན་མཉམ་ཞུགས་བྱེད་ཚད་བརྒྱ་ཆ་ ༢༦ འཕར་ཡོད་སྐོར་བརྗོད་འདུག

ད་ལོའི་གློག་བརྙན་དུས་སྟོན་སྟེང་བརྙན་པར་ཡག་ཤོས་ཀྱི་བྱ་དགའ་ཁ་ཛག་སི་ཐན་(Kazakhstan)གྱི་གློག་བརྙན་འཁྲབ་འཁྲིད་པ་(Sergei DVORTSEVOY)ཡིས་ཨེ་ཁཱ(Ayka)ཞེས་པར་ཐོབ་ཡོད་པ་དང་། དཔྱད་བརྗོད་པའི་བྱ་དགའ་བོད་ཀྱི་གློག་བརྙན་ལག་དམར་དང་ལྟད་མོ་བའི་དགའ་བསུ་ཐོབ་པའི་གློག་བརྙན་བྱ་དགའ་ཉི་ཧོང་གི་ཧེ་རོ་ཁཱ་ཁེ་རོ་ཁཱ་ཝ་(Hiroaki Kurokawa)ཡི་(Complicity)དང་། སློབ་མའི་དཔྱད་བརྗོད་བྱ་དགའ་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་བྷེ་གྷན(BI Gan)གྱི་(Long Day’s Journey into Night)བཅས་ལ་ཐོབ་ཡོད་འདུག

པདྨ་ཚེ་བརྟན་ལགས་སུ་ཉི་ཧོང་གི་གློག་བརྙན་དུས་སྟོན་འདིའི་སྟེང་གློག་བརྙན་བྱ་དགའ་ཐོབ་པ་ཐེངས་གསུམ་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་གློག་བརྙན་ཁྱི་རྒན་དུས་སྟོན་དེའི་སྟེང་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་གློག་བརྙན་ཐར་ལོ་ལ་གློག་བརྙན་རྩེ་གྲའི་བྱ་དགའ། སློབ་མའི་དཔྱད་བརྗོད་ཚོགས་པའི་བྱ་དགའ་བཅས་ཐོབ་ཡོད་འདུག པདྨ་ཚེ་བརྟན་ལགས་ཀྱིས་ཁོའི་གློག་བརྙན་ཁྱི་རྒན་དང་ཐར་ལོ། ལག་དམར་བཅས་ཉི་ཧོང་(FILMeX)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བརྒྱུད་ཉི་ཧོང་གི་ལྟད་མོ་བ་ཚོར་སྟོན་པའི་གོ་སྐབས་བྱུང་བ་དང་། ལྟ་མཁན་ཚོས་བཤད་པ་ལྟར་ན་ངའི་གློག་བརྙན་འདི་ཡིས་རྨི་ལམ་གསར་པ་ཞིག་བསྐྲུན་སོང་ཞེས་བརྗོད་ཀྱི་འདུག་མོད། ཉི་ཧོང་གི་ལྟ་མོ་བ་རྣམས་ངའི་གློག་བརྙན་འདི་བརྒྱུད་ནས་ལྟ་མཁན་མང་པོ་ཞིག་གི་རྨི་ལམ་དུ་འཇུག་ཐུབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན། ཞེས་བརྗོད་འདུག

ཉི་ཧོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ཕྱི་ལོ་ ༢༠༠༠ ལོར་ཉི་ཧོང་གི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་འཁྲིད་པ། རྩོམ་པ་པོ། བཞད་གར་བ། འཁྲབ་གཞུང་རྩོམ་པ་པོ་ཊཱ་ཁེ་ཤིས་ཁཱེ་ཊཱ་ནོ(Takeshi Kitano)ཡིས་བཙུགས་ཏེ་ལོ་ལྟར་ཚོགས་ཀྱི་ཡོད་པ་དང་། གློག་བརྙན་དུས་སྟོན་དེའི་སྟེང་རྒྱ་ནག་དང་ཀོ་རི་ཡ། ཨེ་རན། ཉི་ཧོང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་གློག་བརྙན་གཙོའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གློག་བརྙན་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༢༩

Leave a Reply

One thought on “གློག་བརྙན་ལག་དམར་ལ་བསྐྱར་དུ་བྱ་དགའ་ཐོབ།

  1. ཨོ་རྒྱན་རིག་འཛིན།

    1). ཁྱེད་ཀྱིས་”ཝཱ་ནེ་སི་(Venice)” ཞེས་བྲིས་པ་འདི་ལ་ཨི་ཏ་ལི་ཡའི་ (Italia) སྐད་དུ་ཝེ་ནེ་ཛི་ཡ་(Venezia) དང་དང་ཨིན་སྐད་དུ་ཝེ་ནའི་སེ་ཞེས་འབོད་དགོས་པ་ལས་ཝ་ལ་ཨ་ཆུང་སྦྱར་དགོས་དོན་མེད་པར་སེམས།

    2). ཡང་འདིར་”གློག་བརྙན་དུས་སྟོན་གྱི་འགན་འཛིན་(Shozo Ichiyama)” ཞེས་འགན་འཛིན་གྱི་མིང་དབྱིན་ཡིག་རྐྱང་པ་ལས་བྲིས་མི་འདུག་པས། དབྱིན་ཡིག་མ་ཤེས་མཁན་ཞིག་གིས་དུས་སྟོན་འདིའི་འགན་འཛིན་གྱི་མིང་ཤེས་ཐབས་བྲལ་ཞིང་བོད་ཡིག་གི་ཚགས་པར་ཚད་ལྡན་ཞིག་མིན་པར་འགྱུར་བར་སྙམ། དེས་ན་འདིར་”འགན་འཛིན་ཧྲོ་ཛོ་ཨི་ཆི་ཡ་མ་(Shozo Ichiyama)”ཞེས་འགོད་རིགས་པར་སེམས། ད་རུང་འདིར “Sergei DVORTSEVOY)ཡིས་ཨེ་ཁཱ(Ayka)” ཞེས་པ་འདིར་ཁ་ཛག་སྠན་(Kazakhstan) གྱི་འཁྲབ་ཁྲིད་པའི་མིང་བོད་ཡིག་ཏུ་མ་བྲིས་པར་བྱ་དགའ་མིང་Ayka བོད་ཡིག་ཐོག་ཕབ་འདུག་པས། འདི་གཉིས་ལ་འགོད་དགོས་དང་མི་དགོས་པའི་ཁྱད་པར་གང་མཐོང་སོང་།

    3). ཡང་”ཉི་ཧོང་གི་ཧེ་རོ་ཁཱ་ཁེ་རོ་ཁཱ་ཝ་(Hiroaki Kurokawa) ཡི་(Complicity)དང་།” ཞེས་པའི་བར་དེར་བརྟགས་ན། “ཧི་རཱོ་ཀི་་ཀུ་རོ་ཀ་ཝ་”འབྲིས་དགོས་པ་མངོན་གསལ་རེད། འོན་ཀྱང་འདིར་དབྱངས་ཨེ་དང་ཨི་ཡི་སྦྱོར་ཚུལ་ཙམ་མེད་པར་གང་བྱུང་བྲིས་ན་མི་ལེགས་པར་སེམས། དེ་བཞིན་དུ་དབྱངས་རིང་པོ་སྦྱར་དགོས་ས་”རཱོ་”དང་པོ་ཡིན་པ་ལས་ཁ་གོང་ལོག་གཉིས་ཀར་དབྱངས་རིང་པོ་འཐོབ་དོན་མེད་པར་སེམས།