ཆོས་ལུགས་གང་ཡིན་ཡང་མི་དང་འབྲེལ་བ་མེད་པའི་ལྷའི་ཆོས་རེད་ཅེས་བརྗོད་ཐབས་མེད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་གནང་སྐབས་བྱམས་བརྩེ་དང་ཞི་བདེ་རྩ་བར་གྱུར་བའི་ཤེས་ཡོན་ལམ་ལུགས་དེང་སྐབས་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་ཡོད་སྐོར་གསུངས། དེ་རིང་ཕྱི་ཚེས་ ༣ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་བྱང་ཕྱོགས་སན་ཀི་(Sankisa)སཱའམ་ལྷ་བབས་ཀྱི་གནས་སུ། རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པས་ (Youth Buddhist Society) གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་བཅར་བའི་དད་ལྡན་དོན་གཉེར་ཅན་རྣམས་ལ་ཉིན་གྲངས་གསུམ་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་གསུང་ཆོས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་རིང་གནས་ཁྱད་པར་ཅན་ལྷ་བབ་ཀྱི་གནས་སུ་ལོ་གཉིས་ཙམ་གོང་གཙོ་བོ་ས་གནས་ཀྱི་ཆོས་གྲོགས་ཚོ་དང་ལས་བྱེད་ཚོས་ཐུགས་ཁུར་བཞེས་ཏེ་ཆོས་འབྲེལ་ཚོགས་རྒྱུ་བྱུང་བ་རེད། ད་རེས་སླར་ཡང་ཆོས་འབྲེལ་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། གྲ་སྒྲིག་གནང་མཁན་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བར་སྐབས་ནས་དགེ་སློང་འདུལ་བ་འཛིན་པ་དང་། ང་ཚོ་ཆོས་ཕྱོགས་ཀྱི་མི་སྣ་དེ་འདྲ་འཛོམས་པའི་སྐབས་དྲི་བ་དང་པོ་དེ་ང་ཚོ་དུས་རབས་ ༢༡ ནང་སླེབ་ཡོད། དུས་རབས་ ༡༨ དང་ ༡༩ རེད། གཙོ་བོ་དུས་རབས་ ༢༠ ནང་དུ་ཚན་རིག་ཡར་རྒྱས་ཧ་ཅང་ཕྱིན་པ་དང་མཉམ་དུ་འཕྲུལ་ཆས་ཡར་རྒྱས་ཡང་ཧ་ཅང་ཕྱིན་པ་དང་། དེ་བཞིན་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཧ་ཅང་ཤུགས་ཆེན་པོ་ཕྱིན་ཡོད། ད་ཆ་དུས་རབས་ ༢༡ ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་དང་འབྲེལ་བའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་གང་ཅིའི་ཐད་ལོ་རེ་བཞིན་ཧ་ཅང་བཟང་ཏུ་འགྲོ་བཞིན་པའི་དུས་སུ། ཆོས་ཞེས་ལོ་ ༢༠༠༠ དང་༣༠༠༠ རིང་ནས་བྱུང་བ་དེ་དེང་སྐབས་འབྲེལ་བ་འདུག་གམ་མི་འདུག དགོས་མཁོ་འདུག་གམ་མི་འདུག ཅེས་པ་འདི་ང་ཚོ་ལ་དྲི་བ་དང་པོ་དེ་རེད། ཅེས་གསུངས་སོང་།

དུས་རབས་ ༢༡ པ་འདིའི་ནང་རྡུལ་ཕྲན་མཚོན་ཆ་འཚོང་ནས་ཕན་ཚུན་དམག་འཁྲུག་དང་གསོད་རེས་བྱས་ཏེ་དུས་རབས་ ༢༠ ཐམ་པའི་བག་ཆགས་རྙིང་པ་དོར་དགོས་པའི་སྐོར་ལ་ཁོང་ཉིད་ཀྱིས། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་གི་གནས་སྟངས་ལ་བལྟས་པ་ཡིན་ན། ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོ་པོ་སླེབས་ཡོད་རེད། ལུང་པ་ཡར་རྒྱས་མ་ཕྱིན་པ་ཚོའང་དངོས་པོ་ཡར་རྒྱས་འགྲོ་རྒྱུར་འབད་བརྩོན་ཡོད་དགུ་རྩལ་སྤྲུག་བྱས་ནས་འགྲོ་བཞིན་ཡོད། འོན་ཀྱང་ཡར་རྒྱས་ཚད་མཐོ་བོ་སླེབས་པའི་ལུང་པ་ཚོའི་གནས་སྟངས་ལ་བལྟས་པ་ཡིན་ན། སེམས་མ་སྐྱིད་པ་དང་། ཆགས་སྡང་སོགས་ཀྱི་རྐྱེན་པས་སྤྱི་ཚོགས་ནང་མི་མང་པོ་ཞིག་སེམས་འཁྲུག་བཞིན་པའི་གནས་ཚུལ་འདུག དུས་རབས་ ༢༠ ཐམ་པའི་བག་ཆགས་རྙིང་པ་ད་ལྟའང་ཁྱེར་ནས་ཕྲན་བུ་བློ་མི་མཐུན་པ་བྱུང་བ་ཡིན་ན། ལམ་སང་འཁྲུག་པ་རྒྱག་པ། ད་ཆ་དུས་རབས་ ༢༡ ནང་སླེབ་ཡོད། དེ་སྔ་དུས་རབས་ ༢༠ ནང་གོ་མཚོན་ཧ་ཅང་བེད་སྤྱོད་བྱས་ཡོད། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པ་རེད། ད་དུང་ཡིན་ནའང་དུས་རབས་ ༢༡ ནང་གོ་མཚོན་འཚོང་བ་དང་། དེ་བཞིན་རྡུལ་ཕྲན་མཚོན་ཆར་ཤུགས་རྒྱག་རྒྱུ་ལྟ་བུ་མང་པོ་ཞིག་ཡོང་བཞིན་འདུག ད་ལྟའི་བྱེད་སྟངས་ནང་བཞིན་ཕྱིན་པ་ཡིན་ན། དུས་རབས་ ༢༡ འདི་བཞིན་དུས་རབས་ ༢༠ ནང་བཞིན་གསོད་རེས་གཏོང་རྒྱུ་དང་། དབང་ཡོད་བཤད་རྒྱུ་དེ་འདྲ་ཡོང་རྒྱུའི་ཉེན་ཁ་འདུག ཅེས་གསུངས་སོང་།
ཡང་དེང་སྐབས་ཚན་རིག་པ་ཚོས་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེའི་རང་བཞིན་རེད། ཅེས་ཚན་རིག་པས་བཤད་པ་དེར་རྒྱུ་མཚན་ཧ་ཅང་གསལ་པོ་ཡོད། བྱིས་པ་ཆུང་ངུ་སྨྲ་བརྗོད་མ་ཐུབ་པའི་གོང་ནས་ཀྱང་རང་བཞིན་ལྷན་སྐྱེས་ཀྱི་མི་ཕན་ཚུན་རོགས་པ་བྱེད་པའི་བརྙན་འཕྲིན་མཐོང་སྐབས་དགའ་སྣང་གི་ཚོར་བ་ཧ་ཅང་མངོན་གསལ་དོད་པོ་བཏོན་པ་དང་། དེ་ལས་ལྡོག་སྟེ་གཞན་ལ་འགྲན་བསྡུར་བཟོ་འདྲ་བོ། གཅིག་གིས་གཅིག་ལ་རོགས་བྱེད་རྒྱུའི་ཚབ་ཏུ་མི་མཐུན་པ་ལྡོག་ཕྱོགས་ཀྱི་རྣམ་འགྱུར་དེ་འདྲ་ཐོན་ཡོང་སྐབས་བྱིས་པ་ཟླ་བ་ལྔ་དྲུག་ལས་མ་སོན་པ་དེ་ཚོས་མི་དགའ་བ་བྱས་པའི་གློག་བརྙན་ངོས་ཀྱིས་མཐོང་བྱུང་། དེ་ནས་གལ་ཆེ་ཤོས་ཞིག་ང་ཚོ་མི་དུང་ཕྱུར་བདུན་ཅུ་དེ་དག་ཚང་མ་མའི་མངལ་ནས་བྱུང་བ་ཤ་སྟག་རེད། སྐྱེས་མ་ཐག་ནས་མའི་ནུ་ཞོའི་འཚོ་བ་ཤ་སྟག་རེད། སྐྱེས་ནས་ལོ་གཉིས་གསུམ་རིང་མའི་ནུ་ཞོ་དང་མའི་བརྩེ་བ་དང་བྲལ་བ་ཡིན་ན་འཆི་རྒྱུ་མ་གཏོགས་གསོན་རྒྱུ་རྩ་བ་ཉིད་ནས་མེད་པ་དངོས་ཡོད་གནས་ཚུལ་རེད། དེ་ནས་རིམ་བཞིན་མིའི་ན་ཚོད་ཡར་ལོངས་ཡོང་དུས་ཇི་ཙམ་སེམས་ལ་བྱམས་བརྩེ་ཡོད་ན། ཁོར་ཡུག་དེ་ཞི་བདེ་ཡོང་ཐུབ་པ་ཞིག་དང་། དེའི་རྐྱེན་པས་བྱམས་བརྩེ་ཡོད་མཁན་གྱི་མི་རང་ཉིད་སེམས་སྐྱིད་པ་དང་བག་ཕེབས་པ་ཞིག་ཡོང་ཐུབ། སེམས་འཁྲུག་སྡོད་མཁན་ཞིག་ཡིན་ན། ཁོང་ཁྲོ་ཡང་ཡང་ལངས་ནས་ཕྱིན་པ་ཡིན་ན་ང་ཚོའི་ལུས་ཟུངས་མ་ལག་ཉུང་དུ་འགྲོ་གི་རེད། ཅེས་ཚན་རིག་པ་ཁ་ཤས་ཀྱིས་དེ་ལྟར་བརྗོད་ཀྱི་འདུག དེར་བརྟེན་བྱམས་བརྩེ་དང་ཞི་བདེ་རྩ་བར་གྱུར་བའི་ཤེས་ཡོན་ལམ་ལུགས་དེང་སྐབས་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

གཞན་སེམས་རྒྱུད་ལ་བྱམས་བརྩེ་ཡོད་རྒྱུ་དང་བྱམས་བརྩེ་རིན་ཐང་གོང་འཕེལ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་ལ། བྱམས་བརྩེ་ཟེར་བ་དེ་དགོས་མཁོ་ཡོད་པ་ཞིག་ཡིན་པ་ནི་ཚོང་ཁང་ཧ་ཅང་ཆེན་པོ་དེ་ཚོའི་ནང་དུ་ཕྱིན་ནས་བྱམས་བརྩེ་ཉོ་དགོས་ཀྱི་ཡོད། ང་ལ་བྱམས་བརྩེ་འཚོང་རོགས་ཞེས་ལབ་ན་མི་གཞན་གྱིས་འཕྱ་སྨོད་དང་དགོད་བྲོ་པོ་ཞིག་མཐོང་ངེས་པ་དང་མི་དེ་སེམས་པ་ཐང་ཐང་པོ་ཨེ་ཡོད་དམ་བརྗོད་སྲིད། ང་ཚོ་ཚང་མས་ཤེས་གསལ་ལྟར་བྱམས་བརྩེ་ཟེར་བ་དེ་སོ་སོའི་སེམས་ནང་བཟོ་དགོངོས་ཀྱིས་ནམ་རྒྱུན་འཛམ་གླིང་འདིའི་སྟེང་གི་རིས་སུ་མ་ཆད་པའི་ཆོས་བརྒྱུད་དེ་དག་ཚང་མ་མིའི་ཆོས་རེད་ཅེས་ཤོད་ཀྱི་ཡོད། མི་དང་འབྲེལ་བ་མེད་པའི་ལྷའི་ཆོས་རེད་ཅེས་བརྗོད་ཐབས་མེད། ས་རེད་མ་གཏོགས་ཕྱི་ནས་ཉོ་རྒྱུ་དང་སྤྲད་རྒྱུ་མེད། དེར་བརྟེན་ཐོག་མར་ལྷ་ནས་བྱུང་བ་ཡིན་ནའང་ཁྱད་པར་གང་ཡང་མི་འདུག གང་ལྟར་མིའི་སྤྱི་ཚོགས་ནང་ཡོད་པའི་ཆོས་ཞིག་ཡིན་སྟབས་མིའི་ཆོས་ཆགས་ཡོད། མིའི་ཆོས་ཤིག་ཡིན་པར་བརྟེན་མིའི་རིན་ཐང་ཆེ་ཤོས་ནི་བྱམས་བརྩེ་ཟེར་རྒྱུ་འདི་རྩི་བཞིན་ཡོད་སྟབས། བྱམས་བརྩེ་ཚང་མས་ཤོད་ཀྱི་འདུག་ལ་བྱམས་བརྩེ་གོང་འཕེལ་གཏོང་སླད་ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད། ལྟ་གྲུབ་ཀྱི་རིགས་འགའ་ཤས་ཀྱིས་འཇིག་རྟེན་བཀོད་པ་པོ་འདོད་པའི་ཐོག་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད། འོན་ཀྱང་འཇིག་རྟེན་བཀོད་པ་པོ་དེ་བྱམས་བརྩེའི་བདག་ཉིད་ཡིན་པར་ཁས་ལེན་བྱས་པ་མ་གཏོགས་མི་སུ་གཅིག་གིས་དཀོན་མཆོག་རྟག་ཏུ་ཁོང་ཁྲོ་ཟ་མཁན་རེད་ཅེས་སུས་ཀྱང་བཤད་ཀྱི་མ་རེད། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ནི་བྱམས་བརྩེ་ལྡན་པ། མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཞིག་ལ་རྩི་ཡི་འདུག ཅེས་གསུངས་སོང་།

འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་དེ་ཕ་དང་འདྲ་བ་རེད། དེར་ངེས་པ་དང་ཡིད་ཆེས་སླེབ་ཡོང་སྐབས་ང་ཚོ་ཚང་མ་དཀོན་མཆོག་དེས་བཀོད་པ་ཡིན་སྟབས། གཞན་སུ་འདྲ་ཞིག་དང་ཐུག་པ་ཡིན་ཡང་ཕ་གཅིག་གི་བུ་ནང་བཞིན་ལྟ་ཐུབ་པའི་འདུ་ཤེས་སླེབ་རྒྱུར་ཕན་ཐོགས་ཧ་ཅང་འདུག དེ་འདྲ་བྱུང་ན་གཅིག་གིས་གཅིག་ལ་ཕུ་ནུའི་འདུ་ཤེས་ཐོག་ནས་ཕན་ཚུན་འཆམ་པོ་བྱེད་དགོས་པ་ཞིག་ཆགས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ལྟ་གྲུབ་ཀྱི་དམིགས་ཡུལ་ནི་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པའི་སྐད་ཆ་བཤད་ཀྱི་འདུག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་དེ་དག་གིས། བདེ་སྐྱིད་ཟེར་བ་དེ་གཙོ་བོ་སེམས་ལ་ཐུག་ཡོད། སེམས་ལ་ཞི་བདེ་ཡོད་ན་བདེ་སྐྱིད་ཡོང་གི་རེད། ཞི་བདེ་ཡོང་རྒྱུ་དེ་བྱམས་བརྩེ་ལ་བརྟེན་ཡོད་པར་བརྟེན་བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་གི་རེད། ཆགས་སྡང་གི་གཞན་དབང་དུ་གཏང་ན་བདེ་སྐྱིད་ཡོང་གི་མ་རེད། ཅེས་དེ་ལྟར་བཤད་ཡོང་གི་འདུག དེར་བརྟེན་ཆོས་ལུགས་དེ་དག་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་རེད། ལྟ་གྲུབ་མི་འདྲ་བ་དེ་དག་གི་དམིགས་ཡུལ་ནི་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་བར་དམིགས་པ་ཚང་མ་གཅིག་པ་རེད་འདུག ཅེས་གསུངས་སོང་།

སངས་རྒྱས་དཀོན་མཆོག་གིས་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༡༢/༠༣

Leave a Reply