ལོ་ལྔར་ཆོས་ལུགས་སྤྱི་ཚོགས་རིང་ལུགས་དང་མཐུན་པའི་ཟབ་སྦྱོང་སྤྲོད་རྒྱུ་ཡིན།  

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་མཐུན་པའི་སློབ་འཁྲིད་བྱེད་ཐབས་ཟེར་བའི་ལོ་ལྔ་འཆར་ཅན་གྱི་ཟབ་སྦྱོང་ཞིག་མགོ་བཙུགས་ཡོད་འདུགཁ་སང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་མང་པོ་ལྷ་སའི་སྤྱི་རིགས་རིང་ལུགས་སློབ་གླིང་དུ་བསྡུས་ཏེ། དགོན་སྡེ་ཁག་གི་ལས་སྣེ་རྣམས་ལ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་མཐུན་པའི་སློབ་འཁྲིད་བྱེད་ཐབས་སྐོར་ལ་ཟབ་སྦྱོང་སྤྲོད་ཐེངས་དང་པོ་ཟེར་བ་ཞིག་སྤྲད་ཡོད་པ་དང་། ཟབ་སྦྱོང་དེ་མུ་མཐུད་ལོ་ལྔའི་རིང་སྤྲོད་རྒྱུ་ཡིན་པ་མ་ཟད། ཉིན་དེར་གྲྭ་བཙུན་ཚོར་ཆབ་སྲིད་དང་ཁྲིམས་ལུགས་ཟབ་སྦྱོང་སྤྲོད་སའི་འདུ་ཁང་ཞིག་ཀྱང་སྒོ་འབྱེད་བྱས་ཡོད་འདུག

གནད་དོན་དེའི་ཐད་ལྷ་སའི་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་བསྟན་ཁོ་ཟེར་བ་ཞིག་གིས། ཐེངས་འདིའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་འཁྲིད་ཟབ་སྦྱོང་ཐད་དམིགས་བསལ་སློབ་དེབ་གཏན་འབེབ་གནང་ཡོད་པ་དང་། སློབ་འཁྲིད་དེ་བརྒྱུད་གྲྭ་བཙུན་རྣམས་ཀྱིས་སྲིད་གཞུང་ནི་ཆོས་ལུགས་ལས་ནུས་ཤུགས་ཆེ་བའི་དགོངས་དོན་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་ཆོས་ཁྲིམས་ལས་མཐོ་བ་ཡོད་པ་རྟོགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཐེངས་འདིའི་ཆོས་ལུགས་སྤྱི་ཚོགས་རིང་ལུགས་དང་མཐུན་པའི་སློབ་འཁྲིད་སྐོར་གྱི་ཟབ་སྦྱོང་ནང་། གྲྭ་བཙུན་ཚོར་ཆེད་དུ་སློབ་དེབ་བཟོས་ཏེ། རྒྱ་ནག་གི་ལོ་རྒྱུས་དང་རིག་གཞུང། དེ་བཞིན་ཆབ་སྲིད་དང་ཁྲིམས་ལུགས། དེང་རབས་ཤེས་བྱ་དང་ཆོས་ལུགས་སོགས་ཀྱི་སྐོར་ལ་སློབ་འཁྲིད་བྱ་རྒྱུ་ཡིན་སྐོར་འཁོད་ཡོད་པ་དང་། ལྷ་ས་གཙུག་ལག་སློབ་གཉེར་ཁང་གི་གྲངས་ཉུང་མི་རིགས་ཞིབ་འཇུག་པ་ཤོང་ཁུན་ཤིན་(Xiong Kunxin)ཟེར་བ་ཞིག་གིས། རྒྱ་ནག་གོ་ལའི་དུས་བབ་ལ་ལྷ་ས་ཁུལ་གྱི་གྲྭ་པ་མང་པོ་ཞིག་གིས་བརྗོད་གཞི་འདི་དག་གི་ཐད་གོ་རྟོགས་གང་ཡང་མེད་པས་ཁྲིམས་འགལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོའི་བོད་ཁུལ་གྱི་དགོན་པ་སོ་སོའི་ནང་མུ་མཐུད་རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་རིགས་ཤུགས་ཆེར་སྤེལ་ཐབས་བྱེད་བཞིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡༡ པའི་ནང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ཁང་ཟེར་བ་ཞིག་དང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་ཟེར་བ་གཉིས་ཉིན་གཅིག་ལ་སྒོ་འབྱེད་བྱས་ཡོད་པ་དང་། ཆོས་ལུགས་ལས་དོན་ཁང་གི་ལས་འགན་གཙོ་བོ་དེ་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན། ཆོས་ལུགས་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། ཁྲིམས་ལྟར་ཆོས་ལུགས་སྲིད་འཛིན་ལས་དོན་དོ་དམ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་ཟེར་བ་སོགས་ཡིན་སྐོར་བསྒྲགས་ཡོད་པ་རེད།

དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་༧པན་ཆེན་རྒྱལ་མཚན་ནོར་བུ་ལགས་ཀྱིས་ཀྱང་ལྷ་ས་ཁུལ་གྱི་ལྟ་སྐོར་སྐབས། བོད་ཁུལ་གྱི་དགོན་སྡེ་ཁག་གིས་ཏང་གི་སྲིད་བྱུས་དང་མཐུན་པའི་ངང་ནས་ཆོས་ལུགས་ལས་དོན་བྱེད་དགོས་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ལམ་ལུགས་དང་མཐུན་པའི་ངང་ནས་མི་མང་ལ་ཞབས་འདེགས་ཞུ་དགོས་པ། ཆོས་པ་ཚོས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་སྲོལ་ལ་བརྩི་བཀུར་དང་གཅེས་སྐྱོང་གིས་རྒྱལ་ཁབ་ལ་ཆོས་ལུགས་ཀྱིས་ཞབས་འདེགས་ཞུ་དགོས་སྐོར་སོགས་བཤད་ཡོད་པ་རེད།

རྒྱ་གཞུང་གིས་འདི་ལོ་གཅིག་པོར་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཆབ་སྲིད་དང་ཁྲིམས་ལུགས་དྲིལ་བསྒྲགས་བྱས་ཡོད་པ་དང་། མཐའ་ན་སྐད་འཕྲིན་དང་ཁ་པར་སོགས་ཀྱི་རྩེད་མོའི་རིགས་ཀྱི་མཉེན་ཆས་བརྒྱུད་ནས་དྲིལ་བསྒྲགས་བྱེད་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

རྒྱ་གཞུང་གིས་བཏོན་པའི་གྲངས་ཐོ་ལྟར་ན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ད་ལྟའི་ཆར་དགོན་པ་ ༡༧༠༠ ལྷག་དང་གྲྭ་བཙུན་ ༤༦༠༠༠ ལྷག་ཡོད་པར་བཤད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༡༢

Leave a Reply