ཊོམ་ཕུ་དང་དམངས་གཙོ་ཚོགས་པའི་བར་གྱི་གདོང་ཐུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་དམངས་གཙོ་ཚོགས་པའི་དབུ་འཁྲིད་རྣམ་གཉིས་ལྷན་འཛོམས་གོ་སྡུར་ཐོག་རྒྱལ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་ཕྱོགས་གཉིས་མོས་མཐུན་བྱུང་ཡང་མེག་སི་ཁོའི་རྒྱལ་མཚམས་སུ་གྱང་ར་རྩིག་པར་མོས་མཐུན་མ་བྱུང་བར་འགལ་ཟླའི་རྣམ་པ་ཤུགས་ཆེར་མངོན།ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊོམ་ཕུ་དང་། སྲིད་འཛིན་གཞོན་པ་མེག་པེན་སི(Mike Pence)། གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)དང་། གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་མགོ་འཁྲིད་སྐུ་ཞབས་ཅག་སུ་ཁུ་མར་(Chuck Schumer) བཅས་ཀྱི་གསར་འགོད་འདུ་འཛོམས་ཐོག ཨ་རིའི་རྒྱལ་མཚམས་བདེ་འཇགས་སྐོར་ལ་གོ་སྡུར་ཞིག་གནང་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཊོམ་ཕུ་ལགས་ནས་གྲོས་ཚོགས་ནང་མེག་སི་ཁོ་དང་ཨ་རིའི་ས་མཚམས་སུ་གྱང་ར་ཞིག་རྩིག་པའི་གྲོས་འཆར་དེར་དམངས་གཙོ་ཚོགས་པས་རྒྱབ་སྐྱོར་བྱེད་དགོས་པའི་རེ་སྐུལ་ཞུས་པ་དང་སྦྲགས། གལ་ཏེ་དམངས་གཙོ་ཚོགས་པས་གྲོས་འཆར་དེར་བཀག་འགོག་བྱས་ཚེ། གཞུང་གི་ལས་མཚམས་འཇོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། དམངས་གཙོ་ཚོགས་པའི་དབུ་འཁྲིད་རྣམ་གཉིས་ནས་རྒྱལ་མཚམས་བདེ་འཇགས་སྲུང་སྐྱོབ་ཐད་སྲིད་དོན་ཚོགས་པ་གཉིས་ཀས་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། མེག་སི་ཁོ་དང་ཨ་རིའི་རྒྱལ་མཚམས་སུ་གྱང་ར་རྩིག་རྒྱུ་དེ་རྩོད་རྙོག་ཅན་ཞིག་ཡིན་པ་དང་། སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་ཁྲིམས་འཆར་དེ་གཏན་འབེབ་ཡོང་ཆེད་གཞུང་གི་ལས་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་པར་མོས་མཐུན་མེད་པ་མ་ཟད། སྲིད་དོན་ཚོགས་པ་གཉིས་ཀས་མཉམ་རུབ་ཀྱི་ཐོག་ནས་གནད་དོན་དེར་ཐག་གཅོད་ལེགས་པོ་ཞིག་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད། སྤྱིར་རྒྱལ་མཚམས་བདེ་འཇགས་ཀྱི་གནད་དོན་སྐོར་ནས་སྲིད་དོན་ཚོགས་པ་གཉིས་བར་བགྲོ་གླེང་རིམ་པར་འཚོག་འཆར་ཡོད་སྟབས། ཐེངས་འདིའི་ལྷན་ཚོགས་དེ་སྟ་གོན་གྱི་རྣམ་པའི་ཐོག་ནས་གོ་སྒྲིག་བྱས་ཡོད་ཀྱང་།  ཕན་ཚུན་བར་གྱི་གཞི་རྩའི་ལྟ་ཚུལ་མི་མཐུན་པའི་རྐྱེན་གྱིས་ཐེངས་འདིའི་ལྷན་འཛོམས་དེ་རྩོད་གཞི་ཅན་དང་འགལ་ཟླའི་ངོ་བོར་མཇུག་སྒྲིལ་ཡོད་པ་རེད།

གོ་སྡུར་སྐབས་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ང་ཚོས་རྒྱལ་མཚམས་ཁག་ནང་གྱང་ར་ཕོན་ཆེན་པོ་བསླངས་ཟིན་པ་དང་། ལྷག་འཕྲོ་རྣམས་མུ་མཐུད་ནས་བརྒྱབ་ཐུབ་པ་བྱ་རྒྱུ་ཡིན་ལ། གཞུང་གི་ལས་མཚམས་བཞག་པ་མཐོང་འདོད་མེད་སྐོར་གསུངས་པར་ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས། སྲིད་འཛིན་མཆོག་གིས་ཨ་རིའི་མི་མང་གི་རེ་འདོད་བསྐོང་ཆེད། སྲིད་དོན་ཚོགས་པ་གཉིས་ཀས་མཉམ་རུབ་ཀྱི་ཐོག་ནས་ཕྱག་ལས་ཇི་ལྟར་གནང་དགོས་མིན་གྱི་སྐོར་ནས་གྲོས་སྡུར་བྱེད་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་བསྟུན། ཨ་རིའི་མི་མང་རྣམས་ཀྱིས་གཞུང་གི་ལས་ཁུངས་རྣམས་སྒོ་བརྒྱབ་ནས་སྡོད་རྒྱུར་སྙིང་པོ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། མུ་མཐུད་གྲོས་ཚོགས་རིམ་པ་བརྒྱུད་ནས་གྲོས་འཆར་གཏན་འབེབ་ཡོང་ཐབས་བྱེད་ཆོག་གི་ཡོད་སྐོར་གསུངས་སོང་།

ཡང་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། གྲོས་འཆར་གཏན་འབེབ་ཐད་གྲོས་ཚོགས་འོག་མའི་ནང་དཀའ་ངལ་མེད་ཀྱང་། གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པའི་འཐུས་མི་ ༡༠ ཡི་མོས་མཐུན་འཐོབ་དགོས་ཀྱི་ཡོད་པ་དང་། གལ་སྲིད་གྲོས་ཚོགས་གོང་མ་ནས་རྒྱབ་སྐྱོར་མ་རག་ན་གྲོས་ཚོགས་འོག་མར་འགྲོ་ནས་ཕན་ཐོགས་མེད་པ་དང་། ཁོས་དུས་ཚོད་འཕྲོ་བརླག་གཏང་འདོད་མེད་སྐོར་གསུངས་བ་དེར། ལྕམ་ནེན་སི་ལགས་ཀྱིས། དེ་ནི་གནད་དོན་ཞིག་མིན་པ་དང་། དོན་དངོས་ནི་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཀྱིས་གྲོས་ཚོགས་འོག་མའི་ནང་གྲོས་འཆར་དེར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་ཚེ། སྲིད་འཛིན་མཆོག་གི་ཐུགས་རེ་གང་ཡིན་མིན་གསལ་སྟོན་ཐུབ་རྒྱུ་ཡིན་སྐོར་གསུངས་སོང་།

སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ལམ་སེང་ཐོབ་ཀྱི་ཡོད་ཀྱང་། གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོབ་འཐོབ་དགོས་ཀྱི་ཡོད་སྐོར་གསུངས་པར། ལྕམ་ནེན་སི་ལགས་དང་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་མགོ་འཁྲིད་ཅག་སི་ཁུ་མར་ལགས་རྣམ་གཉིས་ཀྱིས། གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཀྱིས་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་སྲིད་ཀྱང་། གྱང་ར་རྩིག་པའི་གྲོས་འཆར་དེར་མང་མོས་འཐོབ་རྒྱུ་མིན་སྐོར་གསུངས་སོང་།

སྐུ་ཞབས་ཅག་སི་ཁུ་མར་ལགས་ཀྱིས། སྲིད་དོན་ཚོགས་པ་གཉིས་བར་་མོས་མཐུན་མེད་པའི་གནད་དོན་མང་པོ་ཡོད་ཀྱང་། རྒྱལ་མཚམས་བདེ་འཇགས་སྲུང་སྐྱོབ་ཀྱི་ཐད་ནས་རྩོད་རྙོག་གང་ཡང་མེད་ནའང་གྱང་ར་བརྒྱབ་རྒྱུར་མོས་མཐུན་མེད་པ་དང་། དེ་བཞིན་སྲིད་འཛིན་མཆོག་གིས་ད་བར་ཐེངས་ ༢༠ ཙམ་ལ་གཞུང་གི་ལས་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། དེ་ལ་འདོད་མོས་མེད་སྐོར་དང་། ང་ཚོར་རྒྱལ་མཚམས་བདེ་འཇགས་སྲུང་སྐྱོབ་ཐད་ལ་ཕྱོགས་གཉིས་ཀས་མོས་མཐུན་བྱེད་ཐུབ་པའི་སྲིད་བྱུས་ཤིག་ཡོད་པ་དང་། དེར་སྲིད་འཛིན་མཆོག་ནས་མོས་མཐུན་གནང་ཚེ། གཞུང་གི་ལས་མཚམས་འཇོག་དགོས་པ་ཆགས་ཀྱི་མེད་སྐོར་གསུངས་སོང་བ་དང་། སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་སྲིད་བྱུས་དེས་ནུས་པ་ཆེན་པོ་མ་ཐོན་ན་མོས་མཐུན་བྱ་རྒྱུ་མིན་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༡༢

Leave a Reply