ཀིརྟིའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་སྐབས་དང་པོ།

ཀིརྟིའི་བྱེས་པ་གྲྭ་ཚང་གི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་སྐབས་དང་པོ་གནས་མཆོག་རྡོ་རྗེ་གདན་དུ་ཟླ་འདིའི་ཕྱི་ཚེས་ ༡༩ ནས་ཉིན་གྲངས་ ༣ རིང་འཚོགས་རྒྱུ་ཡིན་པ་རེད།ཟླ་འདིའི་ཕྱི་ཚེས་ ༡༩ ནས་ཉིན་གྲངས་ ༣ རིང་གནས་མཆོག་རྡོ་རྗེ་གདན་གྱི་ཀིརྟིའི་སྒར་བསམ་ཡས་གླིང་དུ། བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་དབུ་འཛུགས་གནང་སྟེ་སྐབས་དང་པོ་མཐར་ཕྱིན་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བ་དང་བསྟུན། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་ཆོས་བརྒྱུད་དང་མི་རིགས། སེར་སྐྱ་ཕོ་མོ་རིས་མེད་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ཐོག་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

ཀིརྟིའི་བགྲོ་གླེང་གོ་སྒྲིག་པས་འགྲེལ་བརྗོད་གནང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་ཆེན་མོའི་ཐོག་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན། ཇོ་ནང་བཅས་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་བླ་དགེ་འདུན་པ་རྣམས་ཕུད་པའི་གཞུང་ཆེན་དང་ཕྱི་ནང་གི་ཤེས་ཡོན་ཐོག་མཁས་པ་དགེ་བཤེས་གྲངས་ ༦༤ དང་། སྔགས་རམས་པ་ ༤ ། དགེ་བཤེས་མ་ ༡༢། གཞུང་ཆེན་སློབ་གཉེར་གནང་མཁན་དགེ་འདུན་པ་ ༡༨༢ ། བཙུན་མ་ ༡༡། དེ་བཞིན་མི་སྐྱ་ ༧ དང་བུད་མེད་ ༣ བཅས་ཁྱོན་མཁས་པ་ ༤༡༢ ཙམ་གདན་ཞུའི་མགྲོན་འབོད་གནང་འདུག་པ་དང་། རྗེ་ཙོང་ཁ་པས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པའི་བགྲོ་གླེང་འདི་ཚགས་ཚུད་ཡོང་སླད། གནའ་དེང་ཟུང་འབྲེལ་གྱི་རྣམ་པ་ཡོང་ཐབས་སུ་དེང་གི་འགྲོ་ལུགས་ལྟར་མཁས་པ་ཚོས་དཔྱད་རྩོམ་གནང་བ་རྣམས་སྒྲོག་སྦྱང་གནང་རྗེས། དེ་དང་འབྲེལ་དྲི་བ་དྲིས་ལན་གྱིས་གནང་རྒྱུ་དང་། དེ་བཞིན་བོད་ཀྱི་སྲོལ་རྒྱུན་ལམ་སྲོལ་ལྟར་རྟགས་གསལ་གཏོང་རྒྱུ་བཅས་ཀྱི་ཐོག་ནས་བགྲོ་གླེང་གནང་རྒྱུ་ཡིན་འདུགའདི་གའི་གསར་འགོད་པས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཁན་རིན་པོ་ཆེ་བློ་བཟང་དཀོན་མཆོག་རྒྱ་མཚོ་ལགས་སུ། སྐུ་མགྲོན་རྣམ་པའི་བཞུགས་གནས་དང་འགྲུལ་བཞུད་ཐད་གོ་སྒྲིག་ག་འདྲ་གནང་གི་ཡོད་སྐོར་དྲིས་པར་ཁོང་གིས། སྐུ་མགྲོན་རྣམ་པའི་ཕར་ཚུར་གཉིས་ཀྱི་ལམ་གྲོན་དང་ཉིན་བདུན་རིང་གི་བཞུགས་གནས་མགྲོན་ཁང་། དེ་བཞིན་རང་མོས་ཀྱིས་མཉམ་ཞུགས་བྱས་པ་ཚོར་བགྲོ་གླེང་སྐབས་ཟ་མ་དང་ཀིརྟིའི་སྒར་བསམ་ཡང་གླིང་བར་འགྲུལ་བཞུད་ཆེད། གླ་འཁོར ༤༠ མ་ཟིན་ཙམ་གོ་སྒྲིག་ཡོང་ཐབས་གནང་གི་ཡོད་སྐོར་གསུངས་བྱུང་།

བགྲོ་གླེང་འདི་འདྲ་ཞིག་གོ་སྒྲིག་གནང་བའི་དགོས་དམིགས་གང་ཡིན་དྲིས་པར་ཁོང་གིས། ནམ་རྒྱུན་༧རྒྱལ་བ་རིན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་གིས་ཆོས་བརྒྱུད་དང་མི་རིགས། སེར་སྐྱ་ཕོ་མོ་རིས་མེད་ཀྱི་མཁས་པ་ཚོ་ལྷན་གཅིག་ཏུ་འཛོམས་ཏེ། ཆོས་བརྒྱུད་ཕན་ཚུན་བར་གྱི་ལྟ་གྲུབ་བམ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གཅིག་གིས་གཅིག་ལ་ངོ་སྤྲོད་དང་། དེ་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་ལེགས་བྱང་དེ་ཆོས་བརྒྱུད་དང་སྐྱ་སེར་ཕོ་མོ་དབྱེར་མེད་ལ་ངོ་སྤྲོད་ཡོང་རྒྱུ། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་དང་མཐུན་ལམ། བཟང་སྤྱོད་སོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་ལྟར་གྲུབ་འབྲས་ཤིག་ཡོང་བར་ང་ཚོས་འབད་བཞིན་ཡོད། ཅེས་བརྗོད་བྱུང་།

བགྲོ་གླེང་འདིའི་བྱུང་རིམ་སྐོར་ལ་ཁོང་གིས། ད་ལོར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ཚུགས་ནས་སྐབས་དང་པོ་མཐར་ཕྱིན་གྱི་ཡོད་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་གྱི་ཡོད་པ་དང་བསྟུན་མཛད་སྒོ་ཞིག་ཚོགས་རྒྱུ་དང་། དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གདན་འདྲེན་ཞུ་ཐབས་སྐོར་ཕྱི་ལོ་ ༢༠༡༦ ལོར་ཀིརྟི་རིན་པོ་ཆེ་མཆོག་ལ་སྙན་གསེང་ཞུས་སྐབས། རིན་པོ་ཆེ་མཆོག་ནས་མཛད་སྒོ་དེ་ལ་ཆེད་དུ་གཉེར་ནས་༧རྒྱལ་བ་རིན་པོ་ཆེ་ཐུགས་མཉེས་ཕྱིར་ལས་ཀ་དམིགས་བསལ་ཞིག་བྱེད་ཐུབ་ན་ཡག་པོ་ཡོད་ས་རེད་ཅེས་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར། ལོ་དེའི་དགའ་ལྡན་ལྔ་མཆོད་ཆེན་མོ་དང་སྟབས་བསྟུན་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་ཆོས་བརྒྱུད་དང་སེར་སྐྱ་རེས་མེད་ཀྱི་བགྲོ་གླེང་ཞིག་གནང་རྒྱུ་སྙན་གསེང་ཞུས་པར་རིན་པོ་ཆེས་དེ་ཡག་པོ་ཡོད་འདུག་ཅེས་གསུངས་ཡོད་པ་རེད། དེ་བས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༦ ཉིན་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཛད་སྒོ་དེའི་ཚོགས་མགོན་དུ་ཕེབས་པའི་སྙན་སེང་ཞུས་པར་ཞལ་བཞེས་མཛད་ཡོད་པ་དང་།  ཕྱི་ལོ་ ༢༠༡༧ ལོར་ཀིརྟི་རིན་པོ་ཆེ་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ་གནས་ཚུལ་ཆ་ཚང་ཞུས་ཡོད་པ་རེད། ཕྱིས་སུ་སྐུ་སྒེར་དྲུང་ཆེ་བརྒྱུད་བཀའ་ལན་གནང་སྟེ་བགྲོ་གླེང་དེ་ཡག་པོ་དང་རྩ་ཆེན་པོ་ཡིན་པས། དྷ་རམ་ས་ལ་ལྟ་བུའི་ས་ཁུག་ཀྱོག་ཅིག་ནས་འཚོགས་ན་ཆོད་མེད་པ་དང་། རྡོ་རྗེ་གདན་ནས་རྒྱ་ཆེ་རུ་བཏང་ནས་བགྲོ་གླེང་འཚོགས་ཐུབ་ཚེ་ཡག་པོ་ཡོད་པའི་བཀའ་གནང་པ་གཞིར་བཟུང་གིས་ང་ཚོས་ཀིརྟིའི་སྒར་བསམ་ཡས་གླིང་དུ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་ལ། ཀིརྟིའི་སྒར་བསམ་ཡས་གླིང་ནི་རྡོར་གདན་མཆོང་རྟེན་ཆེན་མོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་ ༥ ཙམ་གྱི་སར་ཡོད་པའི་རྒྱ་གར་གྱི་གྲོང་གསེབ་བྷོ་ལ་བྷིས་གྷ་ཞེས་པ་དེར་འདུག

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༨/༡༢/༡༧

Leave a Reply