ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱིས་བོད་སྐད་ཡིག་སློབ་དེབ་རྩོམ་སྒྲིག་གནང་།

ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱིས་བོད་སྐད་ཡིག་སྦྱོང་མཁན་ཚོར་དྲ་ཐོག་སློབ་དེབ་ཅིག་རྩོམ་སྒྲིག་འགྲེམ་སྤེལ་གནང་འདུག

ཟླ་འདིའི་ནང་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་ཆེན་(Australian National University)གྱིས་སློབ་གླིང་དེའི་བོད་སྐད་བོད་ཡིག་སྦྱོང་མཁན་ཚོར་ཆེད་དམིགས་ཀྱིས། ཡི་གེ་དང་སྒྲ་གདངས། བརྙན་བཅས་མཉམ་སྒྲིག་བྱས་པའི་བོད་སྐད་བོད་ཡིག་སྦྱོང་ཐབས་ཀྱི་ཚན་པ་གསུམ་ཅན་གྱི་སློབ་དེབ་ཅིག་རྩོམ་སྒྲིག་གནང་སྟེ་དྲ་ལམ་བརྒྱུད་དངོས་སུ་འགྲེམ་སྤེལ་གནང་འདུག

སློབ་དེབ་དེ་རྩོམ་སྒྲིག་གནང་མཁན་གཙོ་བོ་བོད་དང་ཧི་མ་ལ་ཡའི་རིག་གཞུང་དང་ཁོར་ཡུག་ཐོག་མཁས་དབང་རུ་ཐ་གྷམ་བྷིལ(Ruth Gamble)ལགས་དང་། འབུམ་རམས་པ་རིང་བ་དཔོན་ཚང་བསྟན་འཛིན་ཆོས་འཕགས་ལགས་གཉིས་ཡིན་པ་དང་། དེ་བཞིན་རྩོམ་པ་པོ་དང་ལོ་ཙཱ་བ་ཆུང་ཚེ་རིང་ལགས་དང་གློག་འཕྲུལ་ཆེད་ལས་པ་གྷ་ར་ཛི་ཡ(Grazia)བཅས་མཉམ་ལས་ཀྱིས་རྩོམ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། སློབ་དེབ་དེ་ཚན་པ་གསུམ་ཕྱེས་ཏེ་བསྒྲིགས་ཡོད་པ་ལས་ཚན་པ་དང་པོའི་ནང་བོད་ཡིག་འབྲི་ཀློག་ངོ་སྤྲོད་དང་ཚན་པ་གཉིས་པའི་ནང་ཁ་སྐད་བཤད་སྟངས། ཚན་པ་གསུམ་པའི་ནང་ཡིག་སྐད་བཅས་བསྒྲིགས་ཡོད་འདུག

འདི་གའི་གསར་འགོད་པས་སློབ་དེབ་དེའི་རྩོམ་སྒྲིག་པའི་ཁོངས་སུ་ཡོད་པའི་རྩོམ་པ་པོ་ཆུང་ཚེ་རིང་ལགས་སུ་སློབ་དེབ་དེ་ག་འདྲ་ཡོད་མེད་དྲིས་པར་ཁོང་གིས། ཕྱི་ལོ་ ༢༠༡༢ དང་ ༢༠༡༣ ནས་སློབ་དེན་རྩོམ་སྒྲིག་བྱེད་མགོ་ཚུགས་ཡོད་པ་དང་། སྤྱིར་སློབ་དེབ་དེ་དངོས་སུ་དཔར་སྐྲུན་མ་བྱས་པ་རེད་མ་གཏོགས་སློབ་གྲྭའི་ནང་ཁུལ་དུ་དེ་སྔོན་ནས་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། སློབ་དེབ་དེ་འཁྲིད་ཞོར་དང་སློབ་ཕྲུག་དང་དགེ་རྒན་གྱི་བསམ་ཚུལ་མཉམ་དུ་དག་བཅོས་བྱེད་ཞོར་རྩོམ་སྒྲིག་བྱས་པ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་སློབ་དེབ་དེའི་ནང་སློབ་ཚན་ག་ཚོད་དང་དུས་ཡུན་ག་འདྲ་ཞིག་ལ་སློབ་འཁྲིད་བྱེད་ཀྱི་ཡོད་པའི་སྐོར་ལ་ཁོང་གིས། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དྲ་ལམ་བརྒྱུད་བོད་ཡིག་སློབ་ཚན་སློབ་འཁྲིད་མགོ་ཚུགས་ནས་ལོ་གསུམ་འགྲོ་བཞིན་ཡོད་པ་དང་། ལོ་གཅིག་ནང་ལ་སློབ་དུས་གཉིས་ཡོད་པ་དང་སློབ་དུས་དང་པོ་དང་གཉིས་པ་གཉིས་ལ་བགོ་བཤའ་བརྒྱབ་ནས་སློབ་ཚན་བསྒྲིགས་ཡོད་པ་རེད། སྤྱིར་སློབ་དུས་གཅིག་གི་ཉུང་མཐའི་སློབ་ཚན་གྱི་ཚད་དེ་ ༡༢ ཡིན་ན་ཡང་། མཚམས་རེར་དགོས་མཁོ་ཡོད་པར་བསམ་ནས་ལྷག་མ་སློབ་ཚན་གཉིས་བཞག་ནས་ཁྱོན་སློབ་ཚན་ ༡༤ ཡིས་གྲུབ་ཡོད་པ་རེད། ཅེས་བརྗོད་བྱུང་།

སློབ་དེབ་དེ་སློབ་འཁྲིད་བྱེད་ཐབས་སྐོར་ལ་ཁོང་གིས། སྤྱིར་བཏང་སློབ་ཕྲུག་ཚོས་དང་པོ་རང་སྦྱོང་བྱེད་ཐབས་སུ་སློབ་ཚན་ཚང་མ་དྲ་ཐོག་ལ་འགྲེལ་བཤད་དང་བཅས་པ་བཞག་ཡོད་པ་རེད། དེ་དག་ཚང་མའི་འགྲེལ་བཤད་བརྙན་དང་ཡིག་ཐོག་གཉིས་ཀ་ན་ཡོད་པས། དང་པོ་སློབ་ཕྲུག་ཚོས་རང་ངོས་ནས་དྲ་ཐོག་བརྒྱུད་སློབ་སྦྱོང་བྱས་ཏེ་གཞི་ནས་དུས་ཚོད་བཀོད་སྒྲིག་གིས་དྲ་ལམ་ནས་དགེ་རྒན་དང་མཉམ་དུ་རང་སྦྱོང་སྐབས་འགྲིག་ཡོད་མེད་སོགས་ལ་ཞིབ་ལྟ་དང་དག་བཅོས་བྱེད་ཀྱི་ཡོད་པ་རེད། སློབ་དེབ་དེ་སྦྱོང་མཁན་ཕྱི་རྒྱལ་བ་ཡིན་དུས་སློབ་ཚན་ནང་བརྡ་སྤྲོད་སོགས་ཀྱི་འགྲེལ་བཤད་ཚང་མ་དབྱིན་ཡིག་ནང་ཡོད་པ་རེད། ཅེས་བརྗོད་བྱུང་།

ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱིས་ཉི་ཧོང་དང་ཝི་ཊི་ནམ། པཱ་ཀི་སི་ཐན། རྒྱ་གར་ལེགས་སྦྱར་སོགས་སྐད་རིགས་མང་པོ་སློབ་གཉེར་བྱེད་པར་མཐུན་རྐྱེན་སྦྱོར་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༡༧

Leave a Reply