གཞུང་གི་ལས་ཁུངས་གསུམ་ཆ་གཅིག་ཙམ་སྒོ་བརྒྱབས།

ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་མེག་སི་ཁོའི་རྒྱལ་མཚམས་སུ་གྱང་ར་བརྩིག་པར་མ་དངུལ་ཨ་སྒོར་དུང་ཕྱུར་ ༥ གཏོང་དགོས་པའི་གྲོས་འཆར་དེར་དམངས་གཙོ་ཚོགས་པས་རྒྱབ་སྐྱོར་མ་གནང་བར་བརྟེན་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབས་ཡོད་འདུགརྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། མེག་སི་ཁོ་དང་ཨ་རིའི་རྒྱལ་མཚམས་སུ་གྱང་ར་བརྩིག་པར་ཨ་སྒོར་དུང་ཕྱུར་ ༥ ཡི་གྲོས་འཆར་བཏོན་པ་དེར་གྲོས་ཚོགས་འོག་མ་ནས་མང་མོས་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་གནང་མེད་སྟབས། ཨ་རིའི་གཞུང་གི་ལས་ཁུངས་གསུམ་ཆ་གཅིག་ཙམ་གནས་སྐབས་སྒོ་བརྒྱབས་ཏེ་ཉིན་གྲངས་བཞི་འགྲོ་བཞིན་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་དམངས་གཙོ་ཚོགས་པས་གྲོས་འཆར་དེར་རྒྱབ་སྐྱོར་མ་གནང་བར་དུ་གཞུང་གི་ལས་ཁུངས་དེ་ཚོ་སྒོ་འབྱེད་རྒྱུ་མིན་སྐོར་གསུངས་འདུག

ཁ་སང་ཡི་ཤུའི་སྟོན་པའི་འཁྲུང་སྐར་དུས་ཆེན་སྐབས་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ངས་གཞུང་གི་ལས་ཁུངས་ཁག་ག་དུས་སྒོ་འབྱེད་རྒྱུ་ཡིན་མིན་ཤེས་ཀྱི་མེད། ཡིན་ན་ཡང་ང་ཚོར་གྱང་ར་མ་ཐོབ་བར་དུ་གཞུང་གི་ལས་ཁུངས་འབྱེད་རྒྱུ་མིན་པ་ཤེས་ཀྱི་ཡོད། ཅེས་གསུངས་ཡོད་པ་དང་། དམངས་གཙོ་ཚོགས་པས་ཡུན་རིང་ནས་གྱང་རའི་ཚབ་ལ་ཉེན་རྟོག་འཕྲུལ་ཆས་སོགས་བེད་སྤྱོད་དགོས་པའི་བསམ་ཚུལ་བཏོན་ཡོད་ཀྱང་། སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་མེག་སི་ཁོ་ནས་ནག་ཚོགས་དང་། མྱོས་རྫས་འགྲེམ་ཚོང་། བུད་མེད་ཚོང་འདྲེན་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་རྣམས་འགོག་དགོས་ཚེ། གྱང་ར་ཞིག་མེད་ཐབས་མེད་སྐོར་གསུངས་ཡོད་པ་རེད།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་ལན་ཊོམ་ཕུ་ལགས་ཀྱིས་ཨ་རི་གཞུང་གི་ལས་ཁུངས་ཁག་ཅིག་ལ་རྒྱུན་གྲོན་གཏོང་མཚམས་བཞག་པར་བརྟེན། གཞུང་གི་ལས་བྱེད་ ༣༨༠,༠༠༠ ལྷག་གླ་མེད་གུང་གསེང་དུ་ཕྱིན་ཡོད་པ་དང་། ལས་བྱེད་ ༤༢༠,༠༠༠ ལྷག་གླ་མེད་ཐོག་ཛ་དྲག་གཞུང་ཞབས་ཞུ་ཡི་ཡོད་འདུག དེ་བཞིན་རྒྱལ་ཡོངས་སྤྱི་གླིང་(National Park) བརྒྱ་ཆ་ ༨༠ ཙམ་གྱི་ལས་བྱེད་རྣམས་གནས་སྐབས་གུང་གསེང་བཏང་སྟེ་སྤྱི་གླིང་ཕལ་ཆེ་བ་སྒོ་བརྒྱབས་ཡོད་པ་དང་། རྒྱལ་ནང་དཔྱ་ཁྲལ་ལས་ཁུངས་(Internal Revenue Service) ཕལ་ཆེ་བ་དང་། ས་ཁང་དོ་དམ་ཚན་པའི་ལས་ཁུངས་བརྒྱ་ཆ་ ༩༠ ལྷག དེ་བཞིན་ཁྲིམས་ཞིབ་ཚན་པ་དང་། སྨན་ཟས་ལྷན་ཁང་གི་ཛ་དྲག་མྱུར་སྐྱོབ་བྱ་བ་མ་གཏོགས་ལས་མཚམས་བཞག་ཡོད་པས་གཞུང་གི་ལས་ཁུངས་བརྒྱ་ཆ་ ༢༥ ཙམ་ལ་དོ་ཕོག་ཤུགས་ཆེན་ཐེབས་ཡོད་ཀྱང་། ལྷག་འཕྲོ་ལས་ཁུངས་བརྒྱ་ཆ་ ༧༥ རྣམས་ལ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ བར་གྱི་རྒྱུན་གྲོན་བཏང་ཟིན་པས། རྒྱལ་སྲུང་དང་། དམག་དོན། དེ་བཞིན་ངལ་རྩོལ་དང་ཤེས་ཡོན་གྱི་སྡེ་ཁག་བཅས་ལ་དོ་ཕོག་ཐེབས་མེད་པ་རེད་འདུག

གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་སྐུ་ཞབས་ཅག་སུ་ཁུ་མར་(Chuck Schumer) ལགས་ཀྱིས་མང་མོས་འོས་བསྡུའི་སྐབས། སྲིད་འཛིན་ཊོམ་ཕུ་ལགས་ཁོང་ཁྲོ་ལངས་བར་བརྟེན་ད་ལྟ་ང་ཚོས་སྟོན་པའི་འཁྲུང་སྐར་ཚབ་ཏུ་གཞུང་གི་ལས་མཚམས་འཇོག་མིན་ཐད་སེམས་ཁྲལ་བྱེད་དགོས་ཀྱི་འདུག ཅེས་དང་། བདུན་ཕྲག་རྗེས་མ་དང་ཡང་ན་ཕྱི་ཟླ་ ༡ ཚེས་ ༣ ཉིན་ལའང་རྒྱབ་སྐྱོར་འཐོབ་རྒྱུ་མིན་སྐོར་བརྗོད་ཡོད་འདུག གྱང་ར་བརྩིག་པའི་གྲོས་འཆར་དེར་དམངས་གཙོ་ཚོགས་པའི་འཐུས་མི་ཙམ་མ་ཡིན་པར་སྤྱི་མཐུན་ཚོགས་པའི་འཐུས་མི་འགའ་ཤས་ཀྱིས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། འོས་བསྡུའི་དྲིལ་བསྒྲགས་སྐབས་ཀྱི་ཁས་ལེན་མཁྲེགས་འཛིན་དགོས་དོན་མེད་སྐོར་བརྗོད་ཀྱི་ཡོད་འདུག

འདི་ལོའི་ཨ་རིའི་བར་མའི་འོས་བསྡུའི་ནང་གྲོས་ཚོགས་འོག་མའི་ནང་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣ ནས་མགོ་འཛུགས་ཀྱིས་སྲིད་འཛིན་ཊོམ་ཕུ་ལགས་ཀྱི་ལས་ཡུན་ལོ་གཉིས་ནང་གྲོས་ཚོགས་འོག་མ་དེ་དམངས་གཙོ་ཚོགས་པས་སྟངས་འཛིན་བྱ་རྒྱུ་ཡིན་པ་གཏན་འཁེལ་ཡིན་སྟབས། ཊོམ་ཕུ་ལགས་ཀྱིས་སྲིད་འཛིན་གྱི་འོས་བསྡུའི་སྐབས་ནས་གལ་གནད་དུ་བརྩིས་ཤིང་། མི་མང་རྣམས་ལ་ཁས་ལེན་བྱས་པའི་མེག་སི་ཁོ་དང་ཨ་རིའི་རྒྱལ་མཚམས་སུ་གྱང་ར་མཐོན་པོ་ཞིག་བརྩིག་རྒྱུའི་འཆར་གཞི་དེ་ལས་ཡུན་འདིའི་ནང་ལག་བསྟར་མ་ཐུབ་ཚེ། གྲོས་ཚོགས་གསར་པའི་ནང་དེ་བས་ཀྱང་ཁག་ཏུ་འགྱུར་སྲིད་སྟབས། ཉེ་སྔོན་ཊོམ་ཕུ་ལགས་ཀྱིས་དམངས་གཙོ་ཚོགས་པའི་དབུ་འཁྲིད་རྣམས་དང་མཇལ་འཕྲད་ཀྱིས་གོ་བསྡུར་གནང་ཡོད་པ་མ་ཟད། ཊོམ་ཕུ་ལགས་ཀྱིས་ཡུན་རིང་ནས་དམངས་གཙོ་ཚོགས་པས་གྱང་ར་བརྩིག་པའི་གྲོས་འཆར་དེར་རྒྱབ་སྐྱོར་མ་གནང་ཚེ་གཞུང་གི་ལས་མཚམས་འཇོག་རྒྱུ་ཡིན་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་པ་རེད།

ཨ་རིའི་ནང་གཞུང་འཛིན་ཚོགས་པས་ལྷན་ཁང་ཁག་གི་རྒྱུན་གྲོན་དང་ལས་འཆར་སོགས་ཀྱི་མ་དངུལ་ཐད་གྲོས་འཆར་བཏོན་པ་དེར་གྲོས་ཚོགས་ནས་རྒྱབ་སྐྱོར་མ་གནང་ཚེ། སྲིད་འཛིན་གྱིས་གཞུང་གི་ལས་མཚམས་བཞག་སྟེ་གནོན་ཤུགས་སྤྲོད་ཐབས་གནང་གི་ཡོད་པ་ལྟར། སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་གྲོས་ཚོགས་གོང་འོག་ནས་གྲོས་འཆར་ལ་རྒྱབ་སྐྱོར་མ་བྱས་པའི་རྐྱེན་གྱིས་ད་བར་ཐེངས་གསུམ་ལ་གཞུང་གི་ལས་མཚམས་བཞག་ཡོད་འདུག ཐེངས་དང་པོ་དེ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ནས་ཉིན་གྲངས་ ༢ ཀྱི་རིང་དང་། གཉིས་པ་དེ་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༩ ཉིན་གྱི་དགོང་མོར་ཆུ་ཚོད་ ༩ རིང་ལས་མཚམས་བཞག་ཡོད་པ་དང་། ད་ལན་ནི་ལས་མཚམས་བཞག་པའི་དུས་ཡུན་རིང་ཤོས་ཤིག་ཆགས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༢༦

Leave a Reply