“ནང་སྲིད”་“ནང་སྲིད་”ཟེར་པ་ཙམ་གྱིས་ཁུངས་ག་ལ་འཁྱོལ། 

ཤར་ཕྱོགས་ཁུག་རྟ།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མགྲིན་ཚབ་པ་གཉིས་ནས་ཉིན་འདི་དག་ལ་སྔར་ལྷག་གཅིག་རྗེས་གཉིས་མཐུད་དུ་ནང་སྲིད་’’”ནང་སྲིད་”ཟེར་པའི་ཚིག་འདི་བསྒྲགས་དྲག་ནས། རྒྱ་ནག་གཞུང་གི་བོད་ནང་འཛིན་སྐྱོང་བྱེད་ཕྱོགས་ཀྱི་རང་ནོངས་མི་རྣམས་ལ་ལས་སླ་བོའི་ངང་ཚོར་བཅུག་སོང་སྙམ། རྒྱལ་སྤྱིའི་སྟེང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་༧གོང་ས་ཏཱ་ལའི་བླ་མ་སྐུ་རྐྱང་གི་དྲང་བདེན་དང་བཟང་སྤྱོད། ཤེས་རབ་ཀྱི་གཟི་བརྗིད་ཆེ་བ་ཡོད་པས། ཨ་རིའི་གཞུང་མང་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་གཞུང་མང་གཉིས་ནས་རྒྱ་ནག་གིས་བོད་ཅི་ལྟར་ཟ་གི་ཡོད་མེད་ཡོངས་སུ་མཁྱེན་གྱི་ཡོད། དེ་ནི་རྒྱ་སྒོར་དུང་ཕྱུར་མང་པོའི་ཁྱབ་བསྒྲགས་རྫུན་མའི་ཁ་གཏད་ན་༧གོང་ས་ཏཱ་ལའི་བླ་མ་ཞུ་བའི་བོད་མི་རླབས་ཆེན་ཞིག་ཡོད་པ་དེ་ཁོ་ནའི་བྱིན་མཐུར་བརྟེན་ནས་བྱུང་བ་ཡིན། ད་ཐེངས་ཨ་རིའི་སྲིད་འཛིན་ཌོ་ནལ་ཌམ་ཕུ་མཆོག་གིས་’’བོད་དུ་འགྲོ་འོང་འདྲ་མཉམ་’’གྱི་གྲོས་འཆར་ལ་མཚན་རྟགས་བསྐྱོན་རྗེས། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་གཉིས་ནས་སྡིག་པ་མིག་བཙུམ་གྱིས་མུ་མཐུད་”ནང་སྲིད་”ཟེར་པའི་ཚིག་འདི་སྤྱད་དེ་ཁུངས་ཨེ་འཁྱོལ་ལྟ་གི་ཡོད།

དེ་ནི་༢༠༡༨ ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པ་ལུའུ་ཁང་གིས། ཨ་རིའི་སྲིད་འཛིན་ཌམ་གྱིས་བོད་དུ་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་མཚན་རྟགས་མ་བསྐྱོན་གོང་། ཨ་རིའི་ཕྱོགས་ནས་”ཀྲུང་གོའི་ནང་སྲིད་ལ་བཙན་གྱིས་ཐེ་ཇུས་བྱས་པར་ཀྲུང་གོའི་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”་ཅེས་བཤད་ཡོད། ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་སྲིད་འཛིན་ཌམ་གྱིས་བོད་དུ་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད། ༢༠༡༨ ཟླ་ ༡༢ ཚེས་ ༢༡ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྱང་”ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་ཇུས་བྱས་པ། ཀྲུང་གོའི་མི་དམངས་ཀྱི་བརྩེ་དུང་ལ་གནོད་འཚེ་བཏང་བ། བོད་རང་བཙན་ཟེར་པའི་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་འཕྲིན་ཚབས་ཆེན་བཏང་བ་ཞིག་ཡིན།’’ཞེས་དང་། ༢༠༡༨ ཟླ་ ༡༢ ཚེས་ ༢༠ ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་དཔའ་ཁྲོན་ཡུས་ནས་”ཨ་རིས་ཕྱོགས་ནས་འབྲེལ་ཡོད་ཁྲིམས་གཞིས་ཀྲུང་གོར་སྐྱོན་འཛུགས་བྱས་པ་དེ་དོན་དངོས་རྡོག་རོལ་བཏང་བ་དང་ཕྱོགས་ཞེན་ཆེ་བ་ཞིག་ཡིན་པས། དེའི་ཐད་ཀྲུང་གོའི་ཕྱོགས་ཀྱིས་དང་ལེན་གཏན་ནས་མི་བྱེད་’’ཅེས་དང་། ཁྲིམས་གཞི་དེ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་བརྒལ་བ། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་ཇུས་བྱས་ནས་བོད་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་བརྡ་འཕྲིན་ཚབས་ཆེན་བཏང་ཡོད་པས། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་པར་གནོད་པ་ཚབས་ཆེན་ཡོད་”ཅེས་བསྒྲགས།

འོ་ན། ཅི་ཞིག་ལ་ནང་སྲིད་ཟེར་རམ། མང་གཙོའི་རིང་ལུགས་དང་སྲིད་དབང་གཅིག་སྡུད་རིང་ལུགས་གཉིས་སུ་ནང་སྲིད་ཀྱི་གོ་དོན་ཅི་ཞིག་རེད་དམ། རྒྱ་ནག་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པས་གསུངས་བཞིན་པའི་ནང་སྲིད་ཅེས་པའི་དོན་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། མི་རྣམས་ཀྱིས་”རྒྱལ་ཁབ་ནང་ཁུལ་གྱི་ཆབ་སྲིད་ལས་དོན་”ལ་ནང་སྲིད་ཟེར་ཞིང་། ནང་ཁུལ་ཆབ་སྲིད་ཀྱི་ལས་དོན་ཡོངས་རྫོགས་ཀྱི་ཐག་གཅོད་བདག་དབང་རྒྱལ་ཁབ་རང་རང་ལ་ཡོད་པ་སུ་ལའང་རྩོད་པ་མེད་པ་ཞིག་སྟེ། རྒྱལ་སྤྱིའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་གྱི་གཞི་རྩ་ཡིན་པའང་རྩོད་མེད་རེད། འོན་ཀྱང་། རྒྱལ་ཁབ་སུས་ཀྱང་ནང་ཁུལ་ཆབ་སྲིད་ཀྱི་ལས་དོན་ལ་ཁ་གཡར་ཏེ། རྒྱལ་ཁབ་ནང་ཁུལ་གྱི་གྲངས་ཉུང་མི་རིགས་དང་གྲོང་ཁྱེར་དང་ཞིང་ཆེན་གྱི་ས་གནས་བྱེ་བྲག་པར་མི་མང་ལ་གཉའ་གནོན་དང་། ཆོས་དད་རང་དབང་བརྡལ་བཤིག འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག རང་བྱུང་ཁོར་ཡུག་གཏོར་བརླག་སོགས་བྱས་ཆོག་པའི་ལོག་འགྲེལ་གྱི་ཨུ་ཚུགས་སྐྱོན་མཁན་གཅིག་ཀྱང་མེད། རྒྱ་ནག་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པས་མཁྱེན་བཞིན་དུ་ནམ་ཡང་གནད་དོན་འདི་གཉིས་མཉམ་བསྲེས་གནང་གང་ཐུབ་ལས། དོན་དམ་པས་ལན་འདེབས་ཤིག་རྒྱལ་སྤྱིའི་སྟེང་སྤེལ་ཐུབ་ཀྱི་མེད།

སྐབས་བབ་བོད་དུ་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་པ་འདི་ཡང་། མཐར་གཏུག་ན་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་སྟེ། ཨ་རི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་མངའ་སྡེ་གང་དུའང་རྒྱ་ནག་གི་མི་སེར་རང་དབང་ངང་ཕར་འགྲོ་ཚུར་འོང་བྱས་ཆོག་པ་ཇི་བཞིན། ཨ་རི་བ་རྣམས་ཀྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་རང་སྐྱོང་ལྗོངས་སུ་བཏགས་པའི་བོད་ཀྱི་ཡུལ་དབུས་སུ་འགྲོ་སྐྱོད་ཆོག་པར་ཐོབ་ཐང་སྤྱི་མཚུངས་དགོས་པའི་མངོན་འདོད་ཞིག་སྟེ། ༢༠༡༤ ནས་མི་མང་དང་དེའི་སྐུ་ཚབ་ནས་འགོ་བཙུགས་ཏེ་ད་ལྟ་གཞི་ནས་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་པ་ཞིག་རེད། རྒྱལ་ཁབ་གཉིས་ཀྱི་མི་སེར་རྣམས་ཕྱོགས་སོ་སོའི་མངའ་ཁོངས་གང་སར་འགྲོ་སྐྱོད་ཆོག་མིན་གྱི་གནད་དོན་ནི་ཕྱོགས་གཉིས་བར་གྱི་ཕྱི་སྲིད་གནད་དོན་ཞིག་ལས། ནང་སྲིད་ནང་སྲིད་ཅེས་པའི་ཚིག་ཁོ་ནས་མི་རྣམས་ཀྱི་ཁ་ག་ལ་གཅོད་ཐུབ།

ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་གནད་དོན་འདི་བཞིན་ནང་སྲིད་ཡིན་ཞེས་ཨུ་ཚུགས་སྐྱོན་བཞིན་པ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྲིམས་སྣང་མེད་བཏང་བ་ཞིག་ཀྱང་ཡིན་ཏེ། དཔེར་ན། རྒྱལ་ཁབ་ཅིག་གི་མངའ་ཁོངས་ཁྱིམ་ཚང་སོ་སོའི་ཁྱིམ་གྱི་ལས་དོན་ཐག་གཅོད་བྱེད་པར་ཁྱིམ་ཚང་གཞན་གྱིས་ཇུས་གཏོགས་བྱེད་མི་ཆོག་པ་རྒྱུན་ཤེས་ཡིན་ཡང་། ཁྱིམ་བདག་གིས་ཡུལ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཏེ་ནང་མི་ཚོར་བཀོད་པ་ག་ལ་གཏོང་ཆོག དེ་ལྟར་བྱས་ན། ཁྱིམ་མཚེས་གཡས་གཡོན་ནས་རྒྱལ་སྤྱིའི་བར་གྱི་སྤྱི་ཚོགས་ཁྱོན་ཡོངས་ནས་དགག་བྱ་མི་གནང་ངམ། དེ་ནི་འཛམ་གླིང་སྤྱི་སྲོལ་ཞིག་མ་རེད་དམ།

ཨ་རིའི་གཞུང་གིས་ཀྲུང་གོའི་མི་སེར་ཨ་རིའི་མངའ་ཁོངས་གང་སར་ཡོང་ཆོག་པ། ལས་དོན་གཉེར་ཆོག་པ། ཕྱིར་ལོག་ཆོག་པ་བཟོས་པ་ཇི་བཞིན། བོད་དུའང་དེ་ལྟར་འགྲོ་ཆོག་དགོས་ཀྱི་འདུག་ཅེས་ཁྲིམས་བཅོས་པ་རེད་མ་གཏོགས། བོད་ཀྱི་ནང་ཁུལ་ལས་དོན་ཐད་ཨ་རིར་བདག་དབང་ཡོད་ཚུལ་ནམ་ཡང་གསུང་གི་མེད་པ་ཧ་ཅང་གསལ་བོ་རེད། འོན་ཀྱང་། ཕྱི་འབྲེལ་མགྲིན་ཚབ་པ་གཉིས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་”ནང་སྲིད ”་”ནང་སྲིད་”ཅེས་པའི་ཚིག་ཅིག་བསྒྲགས་ནས་བཞུགས་པ་ནི་དོན་ལ་རྒྱལ་སྤྱིའི་མདུན་རང་གི་ཆེ་མཐོང་བརླག་གཞི་ཁོ་ནར་ཟད།

གལ་སྲིད་ཕྱི་འབྲེལ་མགྲིན་ཚབ་པ་མཆོག་ལ། ཨ་རིའི་མི་སེར་རྣམས་བོད་དུ་འགྲོ་འོང་འདྲ་མཉམ་བྱས་མི་ཆོག་པའི་རྒྱུ་མཚན་གཞན་གསལ་བོ་གསུང་རྒྱུ་ཡོད་ན་བརྗོད་མེད་དང་། དེ་མིན་ཉིན་འགའི་སྔོན་ནེའུ་ཡོག་དུས་བབ་ཚགས་ཤོག་སྟེང་དུའང་། གསར་ཁང་དེ་གས་འདས་པའི་ལོ་དྲུག་བདུན་རིང་བོད་དུ་འགྲོ་རྒྱུའི་ཐབས་ཤེས་བྱས་ཀྱང་མཐོང་ཆེན་སྤྲད་མེད་པའི་གནས་ཚུལ་བཀོད་འདུག དེ་ནི་རྒྱལ་སྤྱིའི་སྤྱི་མང་གི་མཐོང་ཚུལ་གྱི་རྒྱབ་རྟེན་ཡོད་པ་ཞིག་རེད།

ཕྱོགས་གཉིས་ཀྱི་མི་སེར་ཕར་འགྲོ་ཚུར་འོང་རང་དབང་ངང་བསྐྱོད་ཆོག་མིན་དང་འབྲེལ་ཏེ། ཕྱི་འབྲེལ་མགྲིན་ཚབ་པས་ཁ་གཡར་ས་ཞིག་སྟེ། “བོད་རང་བཙན་ཤོག་ཁག་ལ་བརྡ་ལན་ནོར་འཁྲུལ་ཅན་སྤྲད་ཚུལ་”ཀྱང་བཤད་འདུག ཚིག་དེ་ནི་ཁག་དཀྲི་ས་ཙམ་ཡིན་པ་གསལ་བོ་ཤེས་ཀྱི་ཡོད། བོད་ཀྱི་གྲོགས་པོ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་ཕོ་བྲང་དཀར་པོ་གཉིས་ཀས་སྔ་དུས་ནས་དབུ་མའི་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་ཡོད་པ་ཧ་ཅང་གསལ་བོ་རེད་ལ། ད་ཐེངས་ཀྱི་ཁྲིམས་འཆར་འདི་ཡང་བོད་རང་བཙན་དང་འབྲེལ་བ་གཏན་ནས་མེད་པ་གསལ་བོ་རེད། བོད་རང་བཙན་ཁ་ལ་འཁྱེར་ནས་༧གོང་ས་མཆོག་གསེར་ཞལ་འཚོ་བཞུགས་ཀྱི་སྐལ་བཟང་དུས་ཚོད་དོན་མེད་ཕུད་རྒྱག་གཏོང་བ་དང་། ཀྲུང་ཨ་གཉིས་ཀྱི་མཛའ་འབྲེལ་བཅས་ལ་འགལ་རྐྱེན་བཟོ་པ་ནི་རྒྱུ་མཚན་མེད་པ་དང་རྒྱ་བོད་མི་རིགས་གཉིས་ཀྱི་ཕུགས་རིང་གི་མདུན་ལམ་ལ་གནོད་གཞི་ཉག་ཅིག་ཏུ་སོང་། གནས་ཚུལ་གསལ་པོ་མི་མཁྱེན་མཁན་ལ་མགོ་སྐོར་ཐབས་དང་། རྒྱལ་སྤྱིའི་གླེང་ཕྱོགས་ནང་ཉིན་ཞག་འགའ་རེ་འཁྱོལ་ཐབས་ཀྱི་ལན་འདེབས་འདི་རིགས་མཚམས་འཇོག་གིས། ད་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་རང་གི་ཆེ་མཐོང་སླར་གསོའི་གོ་སྐབས་དམ་འཛིན་གྱིས་བོད་ཀྱི་སྐོར་གླེང་ཡོང་དུས། ནོངས་རྟགས་སྟོན་མི་དགོས་པ་དང་། མངོན་སུམ་ལ་བསྙོན་མི་དགོས་པ། སྦས་མི་དགོས་པ། རྫུན་གསུང་མི་དགོས་པ། གསར་འགྱུར་རྫུན་བཟོ་བྱེད་མི་དགོས་པ་ཞིག་གནང་རོགས།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༡༨/༡༢/༢༧

Leave a Reply

9 thoughts on “ “ནང་སྲིད”་“ནང་སྲིད་”ཟེར་པ་ཙམ་གྱིས་ཁུངས་ག་ལ་འཁྱོལ། 

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    སྐབས་རེ་རྒྱ་ལ་བསྟོད་ཀྱི་འདའ།
    སྐབས་རེ་རྒྱ་ལ་སྨད་ཀྱི་འདའ།
    དེ་ཆབ་སྲིད་མི་གི་ལམ་ལུགས་འདྲ།
    ཕོ་འགའ་རེའི་གཡུ་རེད་ཟེར་ལེ་འདའ།
    ཕོ་འགའ་རེའི་རྡོ་རེ་ཟེར་ལེ་འདའ།
    ངས་གཡུ་རྡོ་དབྱེ་བ་ཆོད་ལེ་མིན།
    གཡུ་ཡིན་ན་ཉོ་མི་ཚང་ག་ཡོང།
    རྡོ་ཡིན་ན་མིག་གི་ལྟ་ལེ་མིན།
    གཡུ་རྡོའི་དབྱེ་བ་དེ་ནས་ཆོད།