ལྔ་གཉིས་གསུམ་གྱི་ལས་འགུལ་སྤེལ།

རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་གྱི་གྲྭ་བཙུན་ཚོར་ཆོས་ལུགས་ཀྱི་བྱེད་སྒོ་ཁག་རྒྱ་ནག་གི་དེང་རབས་སྤྱི་ཚོགས་རིང་ལུགས་དང་མཐུན་པ་བྱ་དགོས་པའི་ལྔ་གཉིས་གསུམ་གྱི་ལས་འགུལ་ཟེར་བ་སྤེལ་འདུགཟླ་འདིའི་ཕྱི་ཚེས་ ༢༦ ཉིན། བོད་དར་རྩེ་མདོ་རུ་དཀར་མཛེས་ཁུལ་གྱི་དགོན་པ་ཁག་གི་ལས་སྣེ་བ་ཚོར་དགའ་ཞེན་ལྔ་དང་སྲུང་བྱ་གཉིས། འགན་ཁུར་གསུམ་བཅས་ལྔ་གཉིས་གསུམ་ཟེར་བའི་ལས་འགུལ་སྐོར་གྱི་ཚོགས་ཆེན་ཞིག་ཚོགས་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ ༡༧ ལྷག་གི་དགོན་པ་སོ་སོའི་འགན་འཁུར་བ་དང་གྲྭ་བཙུན་ལས་འགན་ཅན་རྣམས་འཛོམས་ཡོད་ལ། ལས་འགུལ་དེའི་དམིགས་འབེན་གཙོ་བོ་ནི་དགོན་པ་ཁག་ལམ་ལུགས་དང་སྒྲིག་འཛུགས་ཅན་དུ་སྐུལ་འདེད་བཏང་སྟེ། དགོན་པ་ཚད་ལྡན་དང་གྲྭ་བཙུན་ཚད་ལྡན། ཆོས་ལུགས་བྱེད་སྒོ་ཚད་ལྡན་བཅས་ཀྱི་ལམ་ལ་སྐྱོད་དགོས་པ་ཡིན་སྐོར་བསྒྲགས་འདུག་ལ། སྤྱིར་བཏང་ལས་འགུལ་དེ་ལོ་གཉིས་གསུམ་གྱི་གོང་ནས་བཟུང་སྤེལ་ཡོད་འདུག

ལྔ་གཉིས་གསུམ་ཞེས་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་མེས་རྒྱལ། མི་མང། མི་རིགས་མཐུན་སྒྲིལ། ནང་བསྟན་ཆོས་ལུགས་བཅས་ལ་དགའ་ཞེན་བྱེད་པ་ལྔ་དང་། ཁྲིམས་ལུགས་དང་སྡོམ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་གཉིས། རྒྱལ་ཁབ་དང་མི་མང། ནང་བསྟན་ཆོས་ལུགས་བཅས་ལ་འགན་འཁུར་བ་བཅས་ཡིན་འདུག

རྒྱ་ནག་གཞུང་ཕྱོགས་ནས་སྤེལ་བའི་དེ་འབྲེལ་གསར་འགྱུར་ནང་། ལས་འགུལ་དེ་བརྒྱུད་ནས་དགོན་པ་སོ་སོའི་གྲྭ་བཙུན་གྱི་བཅའ་ཁྲིམས་སྲིད་བྱུས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་དང་། འདུལ་ཁྲིམས་སྲུང་བའི་འདུ་ཤེས་ཇེ་དྲགས་སུ་གྱུར་བ། བསླབ་པ་ཐོས་གཉེར་དང་སྒྲུབ་པ་ཉམས་ལེན་ལ་ཡར་ཐོན་ཆེན་པོ་བྱུང་བར་མ་ཟད། ནང་བསྟན་དང་འབྲེལ་བའི་ལས་དོན་རྣམས་ཚད་ལྡན་ཅན་གྱི་ལམ་དུ་ཞུགས་ཡོད་པ་དང་། ལས་འགུལ་དེ་སྤེལ་བ་ནས་དཀར་མཛེས་ཁུལ་གྱི་ནང་བསྟན་སྔར་ལས་སྒྲིག་སྲོལ་ཅན་དང་སྔར་ལས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་ཕྱིན་པར་ཕན་ནུས་ཆེན་པོ་ཐོན་ཡོད་སྐོར་བརྗོད་འདུག

གཞན་ཡང་། ཕྱི་ཚེས་ ༢༥ ཉིན། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ཞེས་པའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ལག་ལེན་གལ་ཆེན་ཞིག་ཧུར་ཐག་སྒོས་འཚོལ་ཞིབ་དགོས་སྐོར་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་ངོ་ ༣༠ འཁོར་བའི་དྲན་གསོ་ཟེར་བའི་སྟེང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲང་དབྱི་ཅུ་ཟེར་བས་བོད་ཁུལ་གྱི་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཁྲིམས་ལུགས་སློབ་གསོ་སྤྲོད་རྒྱུ་རྒྱ་ནག་གི་དམིགས་འབེན་གཙོ་བོ་ཞིག་ཡིན་པ་དང་། གནད་དོན་དེའི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དགོན་སྡེ་ཁག་གི་ནང་ཆབ་སྲིད་ཀྱི་ལས་དོན་རིགས་སྣ་ཚོགས་བཙན་གྱིས་ལག་བསྟར་བྱེད་ཀྱི་ཡོད་པ་དཔེར་ན། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་གསེར་རྟ་བླ་རུང་སྒར་ནས་ཁྱོན་གྲྭ་བཙུན་ ༤༨༢༨ ཙམ་ཕྱིར་འཕུད་བཏང་བ་མ་ཟད། དེའི་ནང་གི་གྲྭ་བཙུན་མང་པོ་ཞིག་སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་ཟེར་བར་བཅུག་ནས་ཆབ་སྲིད་སློབ་གསོ་སྤེལ་ཡོད་པ་དང་། དེ་བཞིན་ད་ལོའི་ཕྱི་ཟླ་ ༥ ནང་ནག་ཆུ་རྫོང་ནས་བོད་ཁུལ་གྱི་དགོན་སྡེ་གཞན་ལ་སློབ་གཉེར་དུ་ཕྱིན་པའི་གྲྭ་བཙུན་ཁག་ཅིག་ནག་ཆུ་ས་ཁུལ་སོག་རྫོང་སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་དུ་ཟླ་ ༤ ལྷག་རིང་བཅུག་སྟེ་ཆབ་སྲིད་སློབ་གསོ་སྤེལ་ཡོད་པ་རེད།

དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སྤེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་སོ་སོར་སློབ་གསོ་བསྒྱུར་བཀོད་ལྟེ་གནས་ཁང་མང་པོ་བཙུགས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གསོར་འདོད་མོས་མེད་མཁན་ཚོ་ལྟེ་གནས་ཁང་དེར་བཀག་སྐྱིལ་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༧

Leave a Reply