༧པཎ་ཆེན་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་པ་དེ་བོད་མིའི་བསོད་ནམས་ཀྱིས་མ་ལྕོགས་པ་ལྟ་བུ་བྱུང་།

གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་དུ་ཉིན་གྲངས་ ༣་རིང་གི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་དབུ་འཛུགས་གནང་སོང་། དགའ་ལྡན་ཤར་རྩེ་གྲྭ་ཚང་དང་བྱང་རྩེ་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེ་རིང་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་། ཕྱི་ཚེས་ ༢༨་ནས་༣༠་བར་གྱིི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། བཀའ་ཆོས་དབུ་འཛུགས་མ་གནང་གོང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེ་རིང་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་ནས་ལོ་ངོ་ ༣༠ ལོན་པའི་ཉིན་མོར་བཟང་སྤྱོད་སྨོན་ལམ་གསུང་འདོན་གནང་སོང་།

བཀའ་ཆོས་སྐབས་༧གོང་ས་མཆོག་ནས་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འདི་ཉིད་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཀྱིས་ཐོག་མར་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ལ་གནང་ཞིང་། དེས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ལ་གནང་བ་ནས་རིམ་གྱིས་བརྒྱུད་དེ་སྟག་བྲག་རིན་པོ་ཆེས་ཁོང་ལ་གནང་བ་ཞིག་ཡིན་ལ། ཆོས་སྐོར་འདི་ལ་འཇམ་དབྱངས་ཕྱི་སྒྲུབ་དཔའ་གཅིག་དང་། འཇམ་དབྱངས་ལུས་དཀྱིལ། འཇམ་དབྱངས་གསང་སྒྲུབ། འཇམ་དབྱངས་ནང་སྒྲུབ། བདེ་མཆོག་དཀར་པོ། རྗེ་བཙུན་མ་ནག་མོ། སྒྲོལ་མ་རྒྱལ་མཚན་མ། ཆོས་རྒྱལ་ནང་སྒྲུབ། ཆོས་རྒྱལ་ཕྱི་སྒྲུབ། ཆོས་རྒྱལ་གསང་སྒྲུབ་བཅས་དབང་ཁག་མི་འདྲ་བ་བཅུ་ཡོད་པ་དང་། སྤྱིར་ཆོས་སྐོར་འདི་ལ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་དགོས་ཀྱི་ཡོད་ཀྱང་། ད་ལན་དོན་གཉེར་ཆེན་པོས་བཀའ་ཆོས་ཞུ་མཁན་ཧ་ཅང་མང་པོ་ཡོད་པར་བརྟེན། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་གཙོ་བོ་བྱ་རྒྱུ་དང་། དམིགས་བརྩེ་མ་དང་ཨ་ར་པ་ཙ་ཕྲེང་སྐོར་རེ་ཉིན་རེ་བཞིན་འདོན་རྒྱུ་ཁས་ལེན་དགོས་སྐོར་བཀའ་སློབ་བསྩལ་སོང་།

དེ་རིང་༧པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༣༠ ལོན་པའི་ཉིན་མོ་ཡིན་ལ། བྱང་ཨ་རིའི་༧པཎ་ཆེན་སྐུ་ཕྲེང་བཅུ་པར་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆ་མཆོག་གིས་བརྙན་ལམ་ནས་ཐུགས་སྨོན་གནང་པའི་ནང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་དང་ཕ་ཡུལ་གཅིག་པ་རེད་ལ། ང་དང་མི་ཐོག་གཅིག་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་ཆ་བཞག་ན། དུས་ཚོད་ཁག་པོ་དེའི་སྐབས་ལ་ཐུགས་སྟོབས་དང་ལྷག་བསམ་འཆུག་པ་མེད་པ་ཞིག་དང་སྐུ་ཉེས་པོ་ཞེ་པོ་བྱུང་ཡོད་པ་རེད་དེ། གོ་སྐབས་ནམ་ཡོད་ལ་ཁོང་གིས་ཐུགས་བཞེས་འདོར་བ་མེད་པའི་སྒོ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་།  ཡང་སྒོས་སུ་བོད་གངས་ཅན་གྱི་བདེ་སྐྱིད་དང་བདེ་སྡུག་ལ་རིན་པོ་ཆེས་ཐུགས་འཁུར་ཞེ་དྲག་བཞེས་ཡོད་པ་རེད། རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པ་དེ་ནི་བོད་མིའི་བསོད་ནམས་ཀྱིས་མ་ལྕོགས་པ་ལྟ་བུ་ཞིག་བྱུང་སོང་། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་བསྡད་པ་དང་༧པཎ་ཆེན་རིན་པོ་ཆེ་བོད་ནང་ལོ་གང་འཚམ་བཞུགས་ཐུབ་ཡོད་ན་ཏན་ཏན་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཞིག་རེད། དེར་སྤྱི་པའི་བསོད་ནམས་ཀྱིས་མ་འདངས་བ་ཞིག་བྱུང་པ་རེད། ད་ལྟ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་ངོས་འཛིན་བྱས་པ་གཅིག་དང་། ངོས་ཀྱིས་འདི་ནས་མོ་བརྒྱབས་ཏེ་བརྟག་དཔྱད་ནན་ཏན་བྱས་ནས་གཏན་འཁེལ་བའི་༧པཎ་ཆེན་ཡང་སྲིད་ཞིག་ཡོད་པ་རེད། སྤྱིར་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་སྐུ་ཡི་སྤྲུལ་བ། གསུང་གི་སྤྲུལ་བ། ཐུགས་ཀྱི་སྤྲུལ་བ། ཡོན་ཏན་གྱི་སྤྲུལ་བ། འཕྲིན་ལས་ཀྱི་སྤྲུལ་བ་བཅས་ཡང་སྲིད་ལྔ་བྱུང་པའི་ལོ་རྒྱུས་དེ་འདྲ་ཡོད་པ་རེད། དེར་བརྟེན་སྐྱེས་བུ་དམ་པ་དེ་འདྲའི་ཡང་སྲིད་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་དེ་འདྲ་ཡོང་སྲིད་པ་རེད། སྔ་མོ་ཀརྨ་པའི་ཡང་སྲིད་མ་འདྲ་བ་བྱུང་བའི་སྐབས་སུ་ངོས་ལ་མཐོང་ཚུལ་དེ་འདྲ་བྱུང་ལ་དེ་འདྲ་བཤད་རྒྱུའང་བྱུང་། ཞེས་གསུངས་འདུག

དེ་བཞིན་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཐོག གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ། གདན་ས་བཀྲ་ཤིས་ལྷུན་པོའི་གོ་སྒྲིག་འོག  ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་ངོ་ཧྲིལ་བོ་ ༣༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དགོངས་རྫོགས་མཆོད་འབུལ་གནང་སོང་བ་དང་། མཆོད་འབུལ་སྐབས་༧ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་དགའ་ལྡན་ཁྲི་རིན་པོ་ཆེ། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་དང་ཤར་རྩེ་ཆོས་རྗེ་མཆོག དེ་བཞིན་གདན་ས་གསུམ་གྱི་མཁན་པོ་དང་མཁན་ཟུར་སོགས་གྲྭ་བཙུན་དང་། སེར་སྐྱ་ཕོ་མོ་སྟོང་ ༦ ལྷག་ཙམ་འཛོམས་འདུག  མཆོད་འབུལ་སྨོན་ལམ་ཐོག་བྱ་བྲལ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་བསྟུན། ༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་དཔར་བའི་བྱ་བྲལ་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་གྱི་ཕྱག་དེབ་ཞིག་ཀྱང་དབུ་འབྱེད་གནང་སོང་།སྐབས་དེར་གདན་ས་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་དཀོན་མཆོག་བསྟན་འཛིན་ལགས་ཀྱིས། བོད་ཀྱི་བཀྲ་ཤིས་ལྷུན་པོའི་ངོས་ནས་དགོངས་རྫོགས་ཀྱི་ཉིན་མོ་གང་འདྲ་ཞིག་ཡིན་ནའང་བོད་ལུགས་ལྟར་གཙི་ཡི་ཡོད་ལ། ༧པཎ་ཆེན་སྐུ་ཕྲེང་བཅུ་པའི་དགོངས་རྫོགས་ཀྱི་ཉིན་མོ་ནི་བོད་རྩིས་ཀྱི་ཟླ་ ༡༡ ཚེས་ ༢༡ ཉིན་ཡིན་སྐོར་དང་། དེ་བཞིན་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་འཇུག་བྱས་ནས་སུས་ཀྱང་ཁོང་ལ་མཇལ་ཐུབ་ཀྱི་མེད་པ་དང་། ཁོང་གི་སྐུ་ཚེའི་མཛད་རྣམ་དེའི་ནང་དམིགས་བསལ་གྱི་གནས་ཚུལ་ཁ་ཤས་དང་བྱ་བྲལ་རིན་པོ་ཆེ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཐོག་གནས་ཚུལ་གསར་སྣོན་ཞུས་ཡོད་སྐོར་བརྗོད་སོང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༨/༡༢/༢༩

Leave a Reply