ང་ཚོའི་དམིགས་ཡུལ་གཙོ་བོ་དེ་རྒྱ་ནག་གཞུང་ནག་པོ་བཟོ་རྒྱུ་དེ་མ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་ལན་འདེབས་ཚན་པས་ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་སྐོར་གྱི་ཡིག་ཆ་དཀར་པོའི་ནང་གི་འགལ་ཟླ་དང་རྫུན་བཟོ་ཕྱིར་འདོན་བྱས་པའི་ལན་འདེབས་ཡིག་ཆ་ཞིག་དབུ་འབྱེད་འགྲེམ་སྤེལ་བྱས་སོང་།དེ་རིང་ཉིན་གུང་ཆུ་ཚོད་ ༡༡ སྟེང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལན་འདེབས་ཚན་པས། འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གིས་བཏོན་པའི་བོད་ཀྱི་ཁོར་ཡུག་སྐོར་གྱི་ཡིག་ཆ་དཀར་པོ་དང་འབྲེལ་བའི་དབྱིན་ཡིག་གི་ལན་འདེབས་ཡིག་ཆ་ཤོག་གྲངས་ ༢༡ ཅན་ཞིག་དབུ་འབྱེད་འགྲེམ་སྤེལ་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཟུར་པ་ཤར་གླིང་ཟླ་སྒྲོན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ཀྱིས་ཡིག་ཆ་དབུ་འབྱེད་དང་འབྲེལ་གཞུང་འབྲེལ་གསལ་བཤད་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྐོར་གྱི་ཡིག་ཆ་དཀར་པོ་ཞིག་འགྲེམ་སྤེལ་བྱས་པའི་ནང་། གནས་ཚུལ་བདེན་པ་མིན་པ་མི་ཉུང་བ་ཞིག་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ལན་འདེབས་ཚན་པས་ད་ཐེངས་ཡིག་ཐོག་གི་ལན་འདེབས་རྒྱས་པ་ཞིག་འགྲེམ་སྤེལ་བྱས་ཡོད་སྐོར་དང་། མ་འོངས་པར་ཡང་བོད་མིའི་སྒྲིག་འཛུགས་དང་བོད་པའི་ཚོགས་སྡེ་ཁག་གིས་རྒྱལ་སྤྱི་རང་བཞིན་གྱི་ཁོར་ཡུག་ལྷན་ཚོགས་ནང་བོད་ཀྱི་ཁོར་ཡུག་གནད་དོན་དེ་གླེང་ཐུབ་ཐབས་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་བ་དང་། ཐེངས་འདིའི་ལན་འདེབས་ཡིག་ཆ་དེ་རིམ་པས་བོད་རྒྱའི་སྐད་ཡིག་ཐོག་འགྲེམ་སྤེལ་བྱེད་འཆར་ཡོད་སྐོར་བརྗོད་སོང་།

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱ་ནག་གཞུང་གིས་དུས་རྒྱུན་བོད་དོན་ཐོག་ལ་བཏོན་པའི་ཡིག་ཆ་དཀར་པོ་དེ་གཏན་འབེབ་སྲིད་བྱུས་ཤིག་ཡིན་ཚུལ་བརྗོད་ཀྱི་ཡོད་པས་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་ཞིབ་འཇུག་གཏིང་ཟབ་པོ་བྱས་ཏེ་ལན་འདེབས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

མཇུག་ཏུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་དང་ལན་འདེབས་ཚན་པའི་ཚོགས་མི་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་ལན་འདེབས་ཡིག་ཆའི་ནང་དོན་དང་ཞིབ་འཇུག་ཀྱི་བརྒྱུད་རིམ་སོགས་ཀྱི་སྐོར་ངོ་སྤྲོད་བྱེད་སྐབས། ཐེངས་འདིའི་ལན་འདེབས་ཡིག་ཆ་དེ་ལེའུ་བརྒྱད་དུ་ཕྱེས་ཡོད་པ་དང་། དེའི་ནང་དེང་སྐབས་བོད་ནང་གད་སྙིགས་མང་དུ་འགྲོ་བཞིན་པའི་གནས་ཚུལ་དང་། ཕྱི་ལོ་ ༢༠༡༦ ནས་བཟུང་བོད་ནང་རང་བྱུང་གོད་ཆག་མང་དུ་འགྲོ་བཞིན་པའི་སྐོར་གྱི་གནས་ཚུལ་གསར་པ་གཉིས་ཁ་སྣོན་བྱས་ཡོད་སྐོར་བརྗོད་སོང་།

དྲི་བ་དྲིས་ལན་གྱི་སྐབས།  ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཉེ་བའི་ལོ་ཤས་རིང་ནས་བོད་ནང་རང་བྱུང་གོད་ཆག་གི་གནད་དོན་མང་པོ་ཞིག་འབྱུང་གི་ཡོད་ཀྱང་། དེ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་ཐབས་མེད་སྐོར་དང་། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་རྒྱ་ནག་གཞུང་ནག་པོ་བཟོ་རྒྱུ་དེ་མིན་པར། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པས། རང་ཉིད་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་རྙེད་པའི་དངོས་ཡོད་གནས་ཚུལ་མ་གཏོགས་གང་བྱུང་བརྗོད་ཐབས་མེད་སྐོར་དང་། འདི་ལོར་བོད་ནང་རི་ཉུལ་སོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་ཐོན་ཡོད་པ་དེ། ཕལ་ཆེར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ཆེད་དུ་ལམ་དང་གློག་ཁང་མང་པོ་བརྒྱབས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་དོགས་པ་ཡོད་པ་ཙམ་ལས་ཞིབ་འཇུག་གི་གྲུབ་དོན་ཞིག་མིན་སྐོར་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༣༡

Leave a Reply

One thought on “ང་ཚོའི་དམིགས་ཡུལ་གཙོ་བོ་དེ་རྒྱ་ནག་གཞུང་ནག་པོ་བཟོ་རྒྱུ་དེ་མ་རེད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    གཉིས་སྨན་དབུ་མའི་ལམ་ལ་འགན་ཁུར་
    ནས་རྒྱ་ནག་ནག་པོ་མ་བཟོས་པ་ཡིན་ན་
    དགའ་བསུ་ཡོད་དེ་མིན་རྒྱ་ནག་གི་ང་ཚོ་
    ནག་པོ་ནག་ཀྱང་བཟོས་ནས་ང་ཚོའི་
    རྒྱ་ནག་ནག་པོ་བཟོ་ཐུབ་པའི་ནུས་པ་མེད་ན་
    ལས་དེ་མིན་ནག་པོ་བཟོ་དགོས་པ་དེ་བཟང་ལ་
    བཟང་ལན་དང་ངན་ལ་ངན་
    ལན་སློག་དགོས་པ་དེ་འཇིག་རྟེན་
    མི་གི་ཨ་ལུགས་རེད།