ཕྱི་ལོ་༢༠༡༨ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

——འདི་ལོའི་བོད་ཀྱི་དུས་བབ་གསར་ཁང་གི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

ལྷོ་བྱང་ཀོ་རི་ཡའི་ཐུག་འཕྲད།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ལྷོ་ཀོ་རི་ཡའི་ནང་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུས་པའི་གོ་སྐབས་དང་བསྟུན། ཕྱི་ཟླ་ ༤ ཚེས་ ༢༧ ཉིན་ལྷོ་ཀོ་རི་ཡའི་མགོ་འཁྲིད་མོན་ཇྰ་ཨིན་དང་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གཉིས་ཀྱིས་ལོ་ངོ་ ༡༡ རྗེས་བསྐྱར་དུ་ཐུག་འཕྲད་བྱས་ཏེ། ཨ་རི་དང་རྒྱ་ནག་གཉིས་མཉམ་ཞུགས་བྱས་པའི་ཐོག་ནས་ཀོ་རི་ཡའི་མཚོ་གླིང་དུ་རྡུལ་མཚོན་ཆ་ཚང་མེད་པ་བཟོ་ཐབས་དང་། ཡུལ་གཉིས་བར་དམག་འཁྲུག་མི་རྒྱག་པར་ཞི་འགྲིག་མཉམ་གནས་དགོས་པ་དང་། ཀོ་རི་ཡའི་དམག་འཁྲུག་ཁྲོད་ཁ་བྲལ་དུ་ཕྱིན་པའི་ནང་མི་རྣམས་ཐུག་འཕྲད་བྱེད་དུ་འཇུག་དགོས་པ་སོགས་ཀྱི་གྲོས་ཆོད་བཞག་སྟེ། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ལྷོ་བྱང་ཀོ་རི་ཡའི་ཁ་བྲལ་ཕྱིན་པའི་གཉེན་ཉེ་རྣམས་ལ་ཐུག་འཕྲད་ཀྱི་གོ་སྐབས་ཐེངས་ ༢༡ པ་དེ་གོ་སྒྲིག་བྱས།

ཨ་རྒྱ་གཉིས་ཀྱི་གདོང་ཐུག

འདི་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་ཨ་རིའི་གཞུང་གིས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཐོག་ནས་ཨ་རིར་ཨ་སྒོར་དུང་ཕྱུར་མང་པོས་གྱོང་རག་གི་ཡོད་པ་དོ་མཉམ་བཟོ་དགོས་པའི་སྲིད་བྱུས་གསར་པ་ལག་བསྟར་བྱས་ཏེ། རྒྱ་ནག་གི་ཚོང་ཟོག་བརྒྱ་ཕྲག་མང་པོར་སྔ་གཞུག་ཏུ་རྒྱལ་ཁྲལ་སྤར་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཀྱང་དེ་བཞིན་གྱིས་རྒྱལ་ཁྲལ་སྤར་ཏེ་ཁ་གཏད་གཅོག་བཞིན་ཡོད་པས་ཕྱོགས་གཉིས་ཀྱི་དཔའ་འབྱོར་ཐད་གྱོང་གུད་ཐེབས་ཀྱི་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་ལོ་རེར་ཨ་སྒོར་དུང་ཕྱུར་ ༣༠༠༠ ཡས་མས་ཀྱི་ཨ་རིའི་ཆེད་མཁས་པའི་ཐོན་རྫས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་། ཨ་རིའི་བར་མའི་འོས་བསྡུར་ཐེ་གཏོགས་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ཏེ། འཛམ་གླིང་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་དམར་འཛིང་ཞིག་མགོ་བཙུགས།

ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད། 

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན། སེངྒ་པོར་གྱི་གླིང་ཕྲན་སན་ཊོ་སའི་ཁེ་ཕུ་ལ་(Capella)གསོལ་མགྲོན་ཁང་དུ། ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་དང་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གཉིས་དངོས་སུ་ཐུག་སྟེ། ཨ་བྱང་གཉིས་ཀྱི་འབྲེལ་ལམ་ཐད་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་བྱུང་བ་དང་། གྲོས་མོལ་སྐབས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་ཡོང་ཐབས་དང་། ཨ་རིའི་ཕྱོགས་ནས་ཀོ་རི་ཡའི་མངའ་ཁུལ་གྱི་དམག་མི་ཕྱིར་འཐེན་སོགས་ཚུད་པའི་གནད་དོན་ཁག་ཅིག་གི་ཐོག་གྲོས་མོལ་བྱས་ཡོད་པའི་དྲིལ་བསྒྲགས་བྱས་ཡོད་ཀྱང་། ཨ་རིའི་འབྲེལ་མོལ་གྱི་དགོས་དམིགས་འགྲུབ་མེད་པའི་གནས་ཚུལ་རིམ་པར་ཐོན་ཡོད་ལ། ཨ་རིའི་ཕྱོགས་ནས་ཕྱི་ལོ་ ༢༠༡༩ ལོར་བསྐྱར་དུ་འབྲེལ་མོལ་གནང་འཆར་ཡོད་སྐོར་བསྒྲགས།

རྩ་ཁྲིམས་ལ་བསྒྱུར་བཅོས་བྱས།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན། པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་ ༡༣ པའི་གྲོས་ཚོགས་ཐེངས་དང་པོའི་ཐོག ཁྱོན་འཐུས་མི་ ༢༩༦༤ ཡོད་པ་ནས་འཐུས་མི་ ༢༩༥༨ ཀྱིས་མོས་མཐུན་བྱས་སྐོར་བསྒྲགས་ཏེ་སྲིད་འཛིན་དང་སྲིད་བློན་གྱི་ལས་ཡུན་ངེས་མེད་བཟོས་ནས་རྩ་ཁྲིམས་ལ་བསྐྱར་བཅོས་ཆེན་པོ་བྱུང་བ་དང་བསྟུན། ཞི་ཅིན་ཕིན་གྱི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་སྤྱི་ཚོགས་རིང་ལུགས་ཞེས་པའི་ལྟ་བ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཀོད་དེ། ཞི་ཅིན་ཕིན་ལ་སྲིད་སྟེགས་གཏན་དུ་བཟུང་བའི་གོང་མ(皇帝)ཞེས་བོས་ཏེ་བཙན་དབང་རིང་ལུགས་ཀྱི་རྒྱལ་པོའི་ལམ་ལུགས་རོ་ལངས་བྱས་པའི་སྔ་བལྟས་ཤིག་ཡིན་སྐོར་བཤད།

སྒྱུར་བཀོད་ཁང་གི་གསང་བ་ཤོར། 

འདི་ལོའི་ཕྱི་ཟླ་ ༡ ནས་བཟུང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ནང་སློབ་གསོ་སྒྱུར་བཀོད་ཁང་ཟེར་བ་མང་པོ་བཙུགས་ཏེ། ཡུ་གུར་བ་དང་རྒྱ་རིགས་ཁ་ཆེ་བ་ས་ཡ་གཅིག་ལྷག་བཀག་ཉར་འོག་ཡོད་པའི་གནས་ཚུལ་རིམ་བཞིན་ཐོན་ཡོད་པ་དང་། སྒྱུར་བཀོད་ཁང་གི་བཙོན་ཟུར་དང་ཞིབ་འཇུག་པས་བརྗོད་ན། བསྒྱུར་བཀོད་ཁང་གི་ནང་ཆོས་ལུགས་དད་མོས་དང་མི་རིགས་ཀྱི་ལྟ་བ་བཙན་གྱིས་འདོར་བཅུག་སྟེ་གུང་ཁྲན་ཏང་ལ་ཡིད་ཆེས་དང་དགའ་མོས། བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་དགོས་པའི་བཙན་སྐུལ་དང་རྡུང་རྡེག་མནར་གཅོད་གཏོང་གི་ཡོད་སྟབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཤིན་ཅང་ནང་སློབ་གསོ་སྒྱུར་བཀོད་ཁང་དེ་ཚོ་མགོ་འཛུགས་བྱས་ཡོད་འདུག

ལོའུ་ཞཱ་ལ་རང་བཙན་ཐོབ།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༠ ཉིན། རྒྱ་ནག་གཞུང་གིས་ངེས་མེད་བཀག་སྐྱིལ་འོག་བཞག་སྟེ་ལོ་ངོ་ ༨ ལྷག་ཕྱིན་པའི་འདས་པོ་ལོའུ་ཞོ་པོ་ཡི་བཟའ་ཟླ་ལོའུ་ཞཱ་ལགས་འཇར་མན་དུ་འབྱོར་ཐུབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༦ ནང་ལོའུ་ཞའོ་པོ་ལགས་མཆིན་པའི་སྐྲན་ནད་རྐྱེན་གྱིས་འདས་གྲོངས་སུ་སོང་བ་དང་། ཨ་རི་དང་འཇར་མན་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ལོའུ་ཞཱ་ལ་ཆབ་སྲིད་ཀྱི་ནག་ཉེས་གང་ཡང་མེད་སྟབས། རང་དབང་སྤྲོད་དགོས་པའི་འབོད་སྐུལ་དང་གནོན་ཤུགས་རིམ་པར་སྤྲད་རྐྱེན་རང་དབང་ལུང་པར་འབྱོར་ཡོད་ཀྱང་། མོའི་ནང་མི་སྤུན་མཆེད་རྒྱ་ནག་ནང་ཡོད་སྟབས། ཁོ་མོས་ཕྱི་ཡུལ་ནས་ལོའུ་ཞོ་པོ་ཡི་བཙོན་འཇུག་གནད་དོན་སྐོར་གླེང་སློང་དང་བཟའ་ཟླ་འདས་པོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སོགས་ལེན་པའི་རང་དབང་བྱུང་གི་མེད་རེད།

གསེར་གྱི་བུམ་པའི་རྩེད་འགྲན།

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ཉིན། ཕྱི་ལོ་ ༢༠༡༨ ལོའི་འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པའི་རྩེད་འགྲན་སྐབས་ ༢༡ པ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཚོགས་ཡོད་པ་དང་། གཏིང་རྩོད་འགྲན་སྡུར་ཁྲོད་ཁུ་རོ་ཞི་ཡའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་ ༢ དང་། ཧྥ་རན་སིའི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་ ༤ བླུགས་ཏེ་འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པ་ཐོབ་ཡོད་པ་དང་།  འཛམ་གླིང་རྐང་སྤོལ་རྩེད་འགྲན་དེ་ཨུ་རུ་སིའི་ནང་ཚོགས་པ་ཐེངས་དང་པོ་དང་ཨེ་ཤ་ཡའི་ནང་ཐེངས་གཉིས་པ་ཆགས།

བྲག་ཕུག་ནས་རྩེད་མོ་བ་རྙེད།

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན། ཐའེ་ལན་ཌའི་རྐང་སྤོལ་རུ་ཁག་(Wild Boar)གི་རྩེད་མོ་བ་བྱིས་པ་ ༡༢ དང་རྐང་སྤོལ་དགེ་རྒན་གཅིག་བཅས་བོར་བརླག་ཏུ་ཕྱིན་ཏེ་ཉིན་གྲངས་ ༡༠ འགོར་རྗེས། དབྱིན་ཇིའི་བྲག་འཛེགས་པ་གཉིས་ཀྱིས་ཡུལ་དེའི་ཐཱམ་ལེན་བྲག་ཕུག་(Tham Luang caves)ནས་རྐང་སྤོལ་རྩེད་མོ་བ་དེ་ཚོ་རྙེད་ཡོད་པ་དང་། རྒྱལ་སྤྱིའི་བྲག་འཛེགས་ཆེད་ལས་པ་ ༥༠ གཙོ་བོར་གྱུར་བའི་མི་གྲངས་ ༡༠༠༠ ལྷག་གིས་ཉིན་ཤས་རིང་དཀའ་ལས་བརྒྱབས་པ་བརྒྱུད་རྩེད་མོ་བ་ཚང་མ་སྔ་གཞུག་ཏུ་ཕྱིར་བཏོན། ཕྱིས་སུ་སྲོག་སྐྱོབ་འདས་གསོན་ཚང་མར་བཀའ་དྲིན་ཞུ་ཆེད་བྱིས་པ་རྣམས་དུས་བཅད་ཀྱི་གྲྭ་པ་བྱས་ནས་ཆོས་སྒོར་ཞུགས། གནད་དོན་དེ་ཏག་ཏག་འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པའི་འགྲན་ཚོགས་དང་ཁེལ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་འཛམ་གླིང་རྐང་སྤོལ་ལས་ཐའེ་ཝན་ཌའི་བྲག་ཕུག་ནང་གི་རྐང་སྤོལ་རུ་ཁག་དེའི་གནས་ཚུལ་ལ་དོ་སྣང་ཆེ་བ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། འཛམ་གླིང་རྐང་སྤོལ་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་ཐའེ་ཝན་ཌའི་རྐང་སྤོལ་རུ་ཁག་དེ་མགྲོན་འབོད་བྱས་ཡོད་ཀྱང་། བྱིས་པ་ཚོའི་གཟུགས་པོའི་གནས་སྟངས་སོགས་ཀྱིས་འགྲོ་ཐུབ་མེད་པ་རེད།

གྷོ་གྷུལ་ལ་ངོ་རྒོལ་བྱས།

འདི་ལོའི་ཕྱི་ཟླ་ ༨ པའི་ནང་གྷོ་གྷུལ་ཚོང་གཉེར་ཁང་གི་གསང་བའི་ཡིག་ཚགས་ཤིག་ཕྱིར་གྱར་བའི་ནང་། ཚོང་གཉེར་ཁང་དེས་རྒྱ་ནག་གཞུང་ལ་སྟབས་བསྟུན་གྱི་འབུ་བླ་མ་མ་ཎིའི་ལས་གཞི་(Dragonfly Project)ཟེར་བའི་འཚོལ་བཤེར་མཉེན་ཆས་ཤིག་བཟོ་ཡི་ཡོད་པའི་གནས་ཚུལ་ཐོན་རྗེས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་མི་སྒེར་སོགས་ནས་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། གྷོ་གྷུལ་གྱི་ལས་བཟོ་བ་བརྒྱ་ཕྲག་འགས་ཞུ་ཡིག་སྤྲད་དེ་ངོ་རྒོལ་བྱས་པར་བརྟེན། ལས་གཞི་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན།

གསར་འགོད་པ་ལྐོག་གསོད་བྱས།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢ ཉིན། སོ་ཌི་ཨ་རབ་ཀྱི་གསར་འགོད་པ་གྲགས་ཅན་ཇ་མལ་ཁ་ཤོ་གྷི་(Jamal Khashoggi)ལགས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྗེས་སུ་ཊིར་ཀེ་དང་ཨ་རི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཅིག་ནས་ཞིབ་འཇུག་བྱས་པ་བརྒྱུད། གསར་འགོད་པ་དེ་ཨ་རབ་ཀྱི་གཞུང་ཚབ་ཁང་དུ་ལྐོག་གསོད་བྱས་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པ་མ་ཟད། ཨ་རིའི་གསང་བའི་ལས་ཁུངས་ནས་ལྐོག་གསོད་ཀྱི་དོན་རྐྱེན་དེའི་རྒྱབ་ན་སོ་ཌིའི་རྒྱལ་སྲས་མོ་ཧམ་མི་ཌི་བྷིན་སལ་མན་(Mohammed bin Salman)ཡོད་པའི་ཉེས་འཛུགས་བྱས་ཏེ་མུ་མཐུད་ཞིབ་འཇུག་བྱེད་ཀྱི་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༣༡

Leave a Reply