བྷི་ཧར་བློན་ཆེན་མཆོག་གིས་སླར་ཡང་རྡོ་རྗེ་གདན་དུ་ཕེབས་དགོས་པའི་གསོལ་འདེབས་ཞུས།

བརྟན་བཞུགས་སྐབས་༧གོང་ས་མཆོག་གིས་ཁོང་གི་གཟུགས་པོ་བདེ་པོ་དང་ཀླད་པ་གྲུང་ཐག་ཆོད་ཡོད་པས། ལོ་བརྒྱ་ཕྲག་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཁྱེད་རང་ཚོ་ཚང་མས་ཀྱང་སྨོན་ལམ་བསྐྱོན་ཤོག་ཅེས་གསུངས།དེ་རིང་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་། བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་ཆོས་སྡེ་མངའ་ཞབས་སེར་སྐྱ་མི་མང་ཐུན་མོང་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་ཚོད་ཁག་པོ་གཉན་ཕྲེང་ཅན་གྱི་སྐབས་ལ། ངོས་ཀྱིས་བོད་གངས་ཅན་ལྗོངས་ལ་བསྟན་སྲིད་ཀྱི་ཞབས་འདེགས་གང་འཚམ་བསྒྲུབས་ཡོད་པ་རེད། ད་དུང་ཡིན་ནའང་གཟུགས་པོ་ནི་བདེ་པོ་འདུག ཀླད་པ་ནི་གྲུང་ཐག་ཆོད་ཡོད་པས། ལོ་བརྒྱ་ཕྲག་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཁྱེད་རང་ཚོ་ཚང་མས་ཀྱང་སྨོན་ལམ་བསྐྱོན་ཤོག་ཅེས་གསུངས་སོང་།

བརྟན་བཞུགས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་བརྟན་བཞུགས་ཀྱི་ཐོག་ལ་བོད་ལྗོངས་ལྷ་སྲུང་གནས་ཆུང་དང་བསྟན་མ། ཐང་ལྷ་དང་སྐབས་རེར་རྨ་ཆེན་སྦོམ་ར་ཡོང་གི་ཡོད་པ་རེད། ཁོང་ཚོ་ཁ་ཤས་སྤྱན་འདྲེན་བཏང་ཡོད། གང་ལྟར་སྤྱིར་སངས་རྒྱས་ཀྱི་བསྟན་པ། འགྲོ་བའི་བདེ་སྐྱིད། ཡང་སྒོས་བོད་གངས་ཅན་ཀྱི་བསྟན་པ་དང་འགྲོ་བའི་དོན་དག་དེ་ཚོ་ད་ལྟ་སྲུང་བཞིན་སྐྱོང་བའི་ཆོས་སྲུང་དེ་ཚོ་དང་ང་ཚོའི་ཐུན་མོང་གི་ལས་འགན་ཆགས་ཡོད་པ་རེད། ངོས་ཀྱིས་མིང་ཞིག་འཁུར་ཡོད་པ་རེད། སོ་སོར་ལས་དང་སྨོན་ལམ་གྱི་འབྲེལ་བ་ཏན་ཏན་ཡོད་པ་རེད། རྨ་ཆེན་སྦོམ་རའི་མཚོན་པའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་དེ་དག་གི་སོ་སོའི་ལུང་པ་ཆགས་ཡོད་པ་རེད། རྒྱ་གར་བ་ཚོར་ངོས་ཀྱིས་རྩེད་མོ་དང་སྦྲགས། ལྷ་ཆེན་དབང་ཕྱུག་གི་གནས་གཞི་ནི་གངས་ཏི་སེ་ཆགས་ཡོད་པ་དེ་བོད་ནང་ཡོད་པ་རེད། དེ་བས་ལྷ་ཆེན་དབང་ཕྱུག་བོད་ཀྱི་ལྷ་རེད་ཟེར་གྱི་ཡོད། སྟོན་པ་བཅོམ་ལྡན་འདས་རྒྱ་གར་ལ་འཁྲུངས་པ་རེད། ང་ཚོ་བོད་འབངས་ནི་བཅོམ་ལྡན་འདས་ཀྱི་རྗེས་འགྲེང་བ་རེད་ལ། རྒྱ་གར་ནས་འཁྲུངས་བའི་བསམ་གྱིས་མི་ཁྱབ་པའི་སྟོན་པ་ཅིག་གི་རྗེས་སུ་འགྲེང་བཞིན་ཡོད་པ་རེད། རྒྱ་གར་གྱི་མུ་སྟེགས་པ་དུང་ཕྱུར་མང་པོས་ཆུ་མོ་གངྒཱ་རྩ་ཆེན་པོ་རྩིས་ནས་གང་ལྟར་ལྷ་ཆེན་དབང་ཕྱུག་ལ་རྩིས་ཡི་ཡོད་པས། ཁྱེད་རང་ཚོས་བོད་པའི་ལྷ་ལ་སྐྱབས་སུ་མཆིས་ཀྱི་ཡོད་པ་རེད་ཅེས་ནམ་རྒྱུན་ངོས་ཀྱིས་བཤད་སྡོད་ཀྱི་ཡོད། དེར་བརྟེན་ང་ཚོར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་འདུག ང་ཡང་ཚོར་བ་ཞིག་ཡོང་གི་འདུག ལྷ་ཆེན་དབང་ཕྱུག་དམིགས་བསལ་གྱིས་ང་ལ་འབྲེལ་བ་ཡོད་པའི་སྲོལ་ཞིག་མཐོང་ཡོང་གི་འདུག དེ་འདྲ་ཡིན་དུས་དེ་རིང་དངོས་སུ་གནས་ཆུང་ཆོས་སྐྱོང་དང་རྡོ་རྗེ་དྲག་ལྡན་གཙོ་བོར་གྱུར་པ་ཚོར་ཕལ་ཆེར་དགེ་འདུན་རྒྱ་མཚོ་དང་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་བྱུང་བསྡད་པ་ཞིག་དང་། ༧གོང་ས་ལྔ་བ་ཆེན་པོར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད། བསྟན་མ་བཅུ་གཉིས་ནི་དང་པོ་རྒྱ་གར་ནས་རེད། རྗེས་སུ་སློབ་དཔོན་ཐུགས་རྗེ་ཅན་གྱིས་བཀའ་སློབ་བཞིན་གནང་བཞག་པ་ཞིག་ཆགས་འདུག་ལ། འབྲས་སྤུངས་ལ་ཡང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་རེད། དེ་རིང་དགའ་ལྡན་ཕོ་བྲང་དང་དམིགས་བསལ་འབྲེལ་བ་ཡོད་མཁན་གྱི་ལྷ་སྲུང་དེ་ཚོ་འདིར་སྤྱན་འདྲེན་གནང་ན་ལབ་པ་ཡིན། དེ་བས་དེ་རིང་གི་བརྟན་བཞུགས་དེ་ལྷ་མི་ཟུང་འབྲེལ་ཡིན་པའི་སྐད་ཆ་རེད། དེས་ག་རེ་མཚོན་གྱི་ཡོད་པ་རེད་ལབ་ན། ནམ་རྒྱུན་རྒྱལ་བ་རིན་པོ་ཆེའི་མཚན་དོད་ལྟ་བུ་ནི་ལྷར་བཅས་སྲིད་ཞིའི་གཙུགས་རྒྱན་ཟེར་གྱི་འདུག དེའི་ནང་ལྷ་དང་བཅས་ལབ་ཀྱི་འདུག ཁམས་གོང་མའི་ལྷ་ཚོ་ནི་གང་ཤེས་ཏེ་འདོད་ཁམས་ཀྱི་ལྷ་དེ་ཚོའི་གཙུགས་རྒྱན་ཆགས་ཡོད་པ་རེད། ཅེས་གསུངས། ཡང་ཁོང་གིས། ཁ་སང་ལབ་པ་བཞིན་བོད་གངས་ཅན་གྱི་བཙན་བྱོལ་མི་སྣ་མང་པོ་ཞིག་འདིར་འཛོམས་ཡོད་པ་རེད། དུས་རྒྱུན་ནས་གཞིས་ལུས་རྒྱ་ཆེ་མི་མང་། གང་ལྟར་ང་རང་བསྟོད་ར་བཏང་བ་མིན་ཏེ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལབ་ནས་སྨོན་ལམ་རྒྱག་བཞིན་ཡོད་མཁན་ས་ཡ་མང་པོ་ཞིག་ཡོད་པ་རེད། དེ་ཚོས་ཚབ་བྱས་ནས་བརྟན་བཞུགས་གནང་གི་ཡོད་པ་རེད། ངོས་ནས་ཆ་བཞག་ནའང་ལས་དང་སྨོན་ལམ་གྱི་འབྲེལ་བ་དམིགས་བསལ་ཡོད་བསྡད་པ་ཞིག་དང་། ཆོས་འཁོར་རྒྱལ་བའི་ལྷ་མོ་བླ་མཚོ་ནས་ཨ་ཀ་མ་ཞེས་ངའི་མིང་དེ་ཐོན་ཡོད་པ་རེད། དམིགས་བསལ་གྱི་ལས་འབྲེལ་ཡོད་པ་ཞིག་ཆགས་ཡོད་པ་རེད། མཐོང་ཆོས་ལའང་དུས་ཚོད་ཁག་པོ་གཉན་ཕྲེང་ཅན་གྱི་སྐབས་ཤིག་ལ་ངོས་ཀྱི་བོད་གངས་ཅན་ལྗོངས་ལ་བསྟན་སྲིད་ཀྱི་ཞབས་འདེགས་གང་འཚམ་བསྒྲུབས་ཡོད་པ་རེད། ད་དུང་ཡིན་ནའང་གཟུགས་པོ་ནི་བདེ་པོ་འདུག ཀླད་པ་ནི་གྲུང་ཐག་ཆོད་ཡོད་པས། མུ་མཐུད་ནས་ལོ་བརྒྱ་ཕྲག་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཁྱེད་རང་ཚོ་ཚང་མས་སྨོན་ལམ་བསྐྱོན་ཤོག དེ་བཞིན་བོད་ནས་ཡོང་མཁན་ཁ་ཤས་དང་བོད་གངས་ཅན་གྱི་ཆོས་བརྒྱུད་གཅིག་པ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ནས་སྐྱ་སེར་མང་པོ་ཡོང་ཡོད་པ་རེད། ཁྱེད་རང་ཚོ་ཚང་མས་ཀྱང་སྨོན་ལམ་ཡག་པོ་བསྐྱོན་ཤོག བློ་བདེ་བོར་བཞུགས་རོགས། ཞེས་གསུངས་སོང་།

དེ་རིང་ཕྱི་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་རྣམ་རྒྱལ་གྲྭ་ཚང་ཕོ་བྲང་དུ།བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནེ་དེ་ཤུ་ཀུ་མར་ (Nitish Kumar) མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་བློན་ཆེན་མཆོག་གིས་སླར་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་པའི་གསོལ་འདེབས་ཞུས་ཡོད་འདུག

མངའ་སྡེའི་བློན་ཆེན་མཆོག་གིས་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རིམ་ཁག་འགྲོ་བཞིན་པའི་སྐབས། ཁོང་ཉིད་སྐུ་ཐང་ཆད་པའི་སྐོར་ངས་གོ་མ་ཐག་མཇལ་བཅར་ཞུ་དགོས་པའི་བསམ་བློ་འཁོར་བྱུང་ནའང་། ཉིན་གཅིག་རིང་སྐུ་ངལ་གསོ་དགོས་ཡོད་སྟབས་དེ་རིང་ཡོང་བ་ཡིན། ཁྱེད་རང་ཚོས་ཧ་གོ་བ་བཞིན་ངས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཐེངས་མང་ཞུས་ཡོད་པ་མ་ཟད། བཞུགས་སྒར་དྷ་རམ་ས་ལར་ཡང་མཇལ་འཕྲད་ཞུས་ཡོད་པ་རེད། ཁོང་དང་ག་དུས་མཇལ་བ་ཡིན་ནའང་ཁོང་གིས་ན་ལེནྡྲའི་ལྟ་གྲུབ་རྩ་ཆེན་པོ་ཡིན་པ་གསུང་གི་འདུག་ལ། ཁོང་ལ་མཇལ་འཕྲད་ཞུས་ཏེ་བཀའ་མོལ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་བཞིན་དེ་རིང་མཆོད་རྟེན་རིན་པོ་ཆེ་ལ་མཇལ་བ་དང་སྨོན་ལམ་བཏབ་ཏེ་དགའ་ཚོར་ཆེན་པོ་བྱུང་། ཚང་མར་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཡོད། ཅེས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་ཀླུ་མགོན་ཐར་གྱིས་སྤེལ།

 

བསྐྱར་བཅོས།: ༢༠༡༩/༠༡/༠༡

Leave a Reply