སྲིད་གཞུང་དང་སྲིད་གཞུང་གི་ངོ་བོའི་ཐོག་ནས་མ་གཏོགས་འབྲེལ་མོལ་བྱ་རྒྱུ་མིན།

ཞི་ཅིན་ཕིན་གྱིས་འདི་ལོའི་གཏམ་བཤད་ཐོག་མ་བྱེད་སྐབས་ཐའེ་ཝན་གྱི་མི་མང་ཕལ་ཆེ་ཤོས་ཀྱིས་ཐའེ་ཝན་གྱི་བདག་དབང་སུ་ལ་ཡོད་པ་ཤེས་ཀྱི་ཡོད་ཀྱང་། ཐའེ་ཝན་རང་བཙན་འདོད་མཁན་གྱི་ལས་འགུལ་བ་ཚོར་བསམ་མ་ཤེས་པའི་མཇུག་འབྲས་ཤིག་ཡོང་རྒྱུ་ཡོད་ལུགས་བརྗོད་འདུགཁ་སང་ཕྱི་ཚེས་ ༡ ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་གིས་ཐའེ་ཝན་ལ་བཟུང་བའི་སྲིད་བྱུས་བསྒྲགས་གཏམ་ཟེར་བ་སྤེལ་ནས་ལོ་ངོ་ ༤༠ ཕྱིན་པའི་དུས་དྲན་སྲུང་གཙིའི་ཐོག་ཞི་ཅིན་ཕིན་གྱིས་འདི་ལོའི་གཏམ་བཤད་ཐོག་མ་སྤེལ་ཏེ།  རྒྱ་ནག་གིས་ཐའེ་ཝན་མཚོ་གླིང་དུས་ནམ་ཡང་རྒྱ་ནག་ནས་ཁ་བྲལ་དུ་འཇུག་རྒྱུ་མིན་ལ། རྒྱ་ནག་གཅིག་གི་སྲིད་བྱུས་ལ་གནོད་འཚེ་གཏོང་བ་དང་ཐའེ་ཝན་རྒྱ་ནག་ནས་ཁ་བྲལ་དུ་གཏོང་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་རྗེས། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་གྱིས་སྲིད་གཞུང་དང་སྲིད་གཞུང་གི་ངོ་བོའི་ཐོག་ནས་འབྲེལ་མོལ་བྱེད་འདོད་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཐའེ་ཝན་མི་མང་ས་ཡ་ ༢༣ གྱི་རང་དབང་དམངས་གཙོའི་མངོན་འདོད་ལ་གུས་བརྩི་དགོས་པའི་རྒོལ་ལན་བཏང་འདུག

གཏམ་བཤད་སྐབས་ཞི་ཅིན་ཕིན་གྱིས་ང་ཚོས་ད་བར་རྒྱ་ནག་ཁ་བྲལ་གཏོང་མཁན་དང་ཐའེ་ཝན་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོར་འཐབ་རྩོད་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། ཐའེ་ཝན་མཚོ་གླིང་དང་སྐམ་ས་ཆེན་མོ་གཉིས་ནི་དུས་ནམ་ཡང་རྒྱ་ནག་ལ་བདག་པ་དང་། མ་འོངས་པར་སུ་གཅིག་གིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པའི་ལོ་རྒྱུས་ཀྱི་བདེན་པའི་ལས་དབང་ལ་འགྱུར་བ་གཏོང་མི་ཐུབ། ཅེས་དང་། རྒྱ་ནག་གིས་དུས་ནམ་ཡང་མི་མང་ལ་དྲག་སྤྱོད་སྤེལ་རྒྱུ་མིན་པས་ཐའེ་ཝན་ཞི་བའི་ངང་ནས་རྒྱ་ནག་ནང་ལོག་པའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཐའེ་ཝན་གྱི་མི་མང་ཕལ་ཆེ་ཤོས་ཀྱིས་ཐའེ་ཝན་གྱི་བདག་དབང་སུ་ལ་ཡོད་པ་ཤེས་ཀྱི་ཡོད་ཀྱང་། ཐའེ་ཝན་རང་བཙན་བྱེད་འདོད་ཀྱི་ལས་འགུལ་སྤེལ་བ་ཚོར་བསམ་མ་ཤེས་པའི་མཇུག་འབྲས་ཤིག་ཡོང་རྒྱུ་ཡོད་ལུགས་བརྗོད་འདུག

ཞི་ཅིན་ཕིན་གྱིས་གཏམ་བཤད་དེ་བྱས་རྗེས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་གྱིས་གསར་འགོད་བསྒྲགས་གཏམ་སྤེལ་ཏེ། རྒྱ་ནག་གཞུང་གིས་ཐའེ་ཝན་མི་མང་གི་འདོད་མོས་དང་དངོས་ཡོད་གནས་ཚུལ་ཤེས་པར་བྱས་ཏེ་ཕྱོགས་གཉིས་ཞི་འགྲིག་དང་འབྲེལ་ལམ་ཡོང་ཐབས་དགོས་ལ། ཐའེ་ཝན་ཕྱོགས་ནས་སྲིད་གཞུང་དང་སྲིད་གཞུང་གི་ངོ་བོའི་ཐོག་ནས་འབྲེལ་མོལ་བྱ་རྒྱུ་ཡིན་པ་ལས། མངའ་སྡེ་དང་གྲོང་ཁྱེར་སོགས་ཀྱི་ངོ་བོའི་ཐོག་ནས་འབྲེལ་བ་རྩ་ནས་བྱ་རྒྱུ་མིན་ལ། རྒྱ་ནག་གཞུང་གིས་ཐའེ་ཝན་མི་མང་ས་ཡ་ ༢༣ གྱི་འདོད་མོས་ལྟར་རང་དབང་དང་དམངས་གཙོའི་ལམ་ལུགས་ལ་གུས་བརྩི་བྱེད་དགོས་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ནས་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དམག་ཤུགས་སོགས་ཀྱིས་ཐའེ་ཝན་འཇོམ་ཆོག་ཆོག་ཡོད་པའི་ཉེན་བརྡ་མང་པོ་གཏོང་གི་ཡོད་པ་མ་ཟད། ཐའེ་ཝན་རང་བཙན་དུ་འདོད་མཁན་རྒྱལ་ཁབ་དང་ཚོགས་སྡེ་ཁག་ལ་ཚོང་འབྲེལ་དང་རོགས་སྐྱོར་གཅོད་པ་སོགས་ཀྱི་བྱེད་ཐབས་སྤྱོད་ཀྱི་ཡོད་པ་དང་། འདི་ལོའི་ཐའེ་ཝན་གྱི་འོས་བསྡུའི་ནང་སིམ་འཛུལ་ངན་ཇུས་བསླངས་བ་སོགས་ཐའེ་ཝན་རང་བཙན་གྱི་གནས་བབ་ཕམ་ཉེས་གཏོང་བའི་ཐབས་ཇུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༡༩ ལོའི་ལོ་གསར་ཚེས་ ༡ ཉིན་ཞི་ཅིན་ཕིན་གྱིས་ལོ་གསར་འཚམས་འདྲིའི་ནང་། ཕྱི་ལོ་ ༢༠༡༩ ལོར་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་ཟབ་རྒྱས་བྱ་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་རྒྱུར་ཧུར་ཐག་བྱེད་རྒྱུ་ཡིན་སྐོར་དང་། རྒྱལ་ཁབ་ཀྱི་མཐའ་མཚམས་དང་དང་མཚོ་གླིང་ཁག་ཏུ་ཡོད་པའི་དམག་མི་རྣམས་ནི། རྒྱལ་ཁབ་དང་མི་མང་གི་ཆེད་དུ་གཅེས་པའི་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་ཡིན་པས། དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་སྣ་ཡིན་པས་ནམ་ཡང་དྲན་གསོ་དང་སློབ་སྦྱོང་ཞུ་དགོས་པ་དང་།  རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་གང་འདྲ་བྱུང་རུང་རྒྱ་ནག་གི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སེམས་ཤུགས་དང་ཆོད་སེམས་འགྱུར་མི་སྲིད་སྐོར་སོགས་བརྗོད་ཡོད་འདུག

རྒྱ་ནག་གཞུང་གི་ཐའེ་ཝན་སྐོར་གྱི་སྲིད་བྱུས་ཟེར་བ་དེ་ཕྱི་ལོ་ ༡༩༧༩ ལོར་ཨ་རིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་པ་ནས་བཟུང་རྒྱ་ནག་གཞུང་གིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཐའེ་ཝན་གྱི་བདག་དབང་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་པ། ཐའེ་ཝན་རྒྱ་ནག་ཏུ་ལོག་པའི་འབྲེལ་ལམ་དང་སྒོ་མོ་ཕྱེ་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། བསྒྲགས་གཏམ་དེར་སྐབས་དེའི་ཐའེ་ཝན་གོ་མིན་ཏང་གི་སྲིད་འཛིན་ཅང་ཅེ་ཧྲི་ (Chiang Chieh-shih) ཡི་བུ་ཅང་ཅེན་ཀོ་ (Chiang Ching-kuo)ཡིས། རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་མི་བྱེད་པ་དང་། གྲོས་མོལ་མི་བྱེད་པ། ཕན་ཚུན་འགྲིག་འཇགས་ཡོང་ཐབས་མེད་པ་བཅས་མེད་པ་གསུམ་གྱི་རྒོལ་ལན་སྤྲད་ཡོད་ཀྱང་རྒྱ་ནག་གཞུང་གིས་ནུས་མེད་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༠༢

Leave a Reply

One thought on “སྲིད་གཞུང་དང་སྲིད་གཞུང་གི་ངོ་བོའི་ཐོག་ནས་མ་གཏོགས་འབྲེལ་མོལ་བྱ་རྒྱུ་མིན།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    རྒྱ་ནག་གི་ཐེ་ཝེན་ལ་དྲག་སྤྱོད་སྤེལ་རྒྱུ་མིན་ཟེར་བ་དེ་དང་
    ཐེ་ཝན་རང་བཙན་སྤེལ་མཁན་ཚོར་ཉེན་བརྡ་གཏང་བ་དེ་
    གཉིས་སྔ་ཚིག་ཕྱི་འགལ་ལ་སོང་རྒྱ་ནག་གི་འགོ་འཁྲིད་ཚོའི་
    སྐད་ཆ་ལ་ཡིད་ཆེས་ཐུབ་ས་རེད་པས།
    རྒྱ་ནག་དང་ཐ་ཝེན་བར་དམག་འཁྲུགས་ལང་ན་དམག་ཆེན་གསུམ་
    པ་གཏན་འཁེལ་བ་རེད་དེ་དུས་བོད་དོན་ལ་རེ་བ་ཅུང་ཡོང་སྲིད་ཀྱང་
    རྒྱ་ནག་དང་ཐེ་ཝེན་གཉིས་འཛམ་གླིང་གི་ས་ཁྲ་ནས་ཡལ་རྒྱུ་གཏན་འཁེལ་
    ན་དམག་ཆེན་གསུམ་པ་མ་ལངས་པའི་སྨོན་ལམ་རྒྱག་གི་ཡོད།