གཞས་སྙན་པོ་དེར་ཉན་རྗེས་ཀྱི་མྱོང་ཚོར།

འདུས་བྱུང་ཕུན་ཚོགས་ཚེ་རིང་།

༼ང་གཉིས་མཉམ་དུ་འགྲོ༽་ཞེས་པའི་གཞས་འདི་གཞས་པ་ཤེར་བསྟན་དང་གཞས་མ་གསེར་ལྷ་གཉིས་ཀྱིས་མཉམ་གཞས་སུ་གྱེར་འདུག

གཞས་ཚིག་དེས་ཕོ་མོ་ཕན་ཚུན་བར་གྱི་བརྩེ་དུང་དང་། དྲན་སེམས་ཡིད་ལ་བཅང་ནས་དབུས་འགྱུར་གྱི་ཉི་མ་ལྷ་སར་ཉིན་ཞིག་མཉམ་དུ་འགྲོ་བར་འདོད་པའི་དམ་བཅའ་ཞིག་བཞག་པ་དང་། ཁོང་གཉིས་ཕན་ཚུན་མི་ཚེ་གཅིག་མཉམ་དུ་བསྐྱལ་རྒྱུའི་ཁ་ཆད་ཀྱང་བྱས་ཡོད།

ངས་གཞས་འདིར་ཉན་རྗེས། ཐེངས་མང་དབུགས་རིང་བཏང་མྱོང་ལ་གཞས་འདི་ཉན་བཞིན་ཉན་བཞིན། གཞས་འདི་ལ་དམིགས་བསལ་གྱི་རིན་ཐང་ཞིག་དང་། གཞས་ཚིག་ལ་ཁྱད་འཕགས་ཀྱི་དོན་སྙིང་ཡོད་པ་ཞིག་ཚོར་བྱུང་། དུས་ཀྱི་ཆུ་རྒྱུན་བར་མེད་དུ་བཞུད་པའི་ཞོར་ལ་ངས་གཞས་དེ་ཡང་ནས་བསྐྱར་དུ་ཁ་བསྐོམ་སྐབས་ཆུ་འཐུང་བ་བཞིན་ཉན། རིན་ཐང་ཅན་གྱི་གཞས་འདི་ཉན་ནས་བསྡད་པ་ཁོ་ན་མ་ཡིན་པར་གཞས་འདིས་ང་ལ་སྦྱིན་པའི་ཚོར་བ་དང་། འདས་དོན་གྱི་བྱུང་བ་ཁག་ཅིག་བློ་ཡུལ་ལ་འཆར་དུ་བཅུག་ཙང་། གཞས་འདི་ལ་ང་རང་གི་ལྟ་ཕྱོགས་དང་། མྱོང་ཚོར་ཡང་ཚིག་གསུམ་བྲིས་ན་བསམ་པའི་འདུན་པ་ཞིག་ཀྱང་བསྐྱེད།

ན་ཆུང་གཞས་མ་གསེར་ལྷས། “སྟག་དམར་ཡག་འགྱིང་སྐབས། ཁྱེད་ང་ཡི་ཡིད་ལ་དྲན། རྟ་འདོ་བ་རྒྱུག་སྐབས། ཁྱེད་ང་ཡི་ཡིད་ལ་དྲན།” ཞེས་གདངས་སྙན་ལ་ངག་སྙན་པའི་འགྱུར་ཁུགས་དེ་ངའི་རྣ་བའི་བུ་ག་བརྒྱུད་བསམ་པའི་འཆར་སྒོར་བཞོལ་དུས། ང་རང་ལོ་ན་བཅུ་བདུན་དང་བཅུ་བརྒྱད་སྐབས་ཀྱི་ཕོ་མོའི་བརྩེ་དུང་དེ་དྲན་དུ་བཅུག་ཅིང་། གཞས་དེ་རིམ་པས་སྙན་དུ་སྙན་དུ་འགྲོ་ཞོར། སེམས་ནང་གྲང་ཤུར་ཤུར་བྱེད་པ་དང་། དུས་མཚུངས་སྟོད་སྒལ་སྟེང་མེ་མེད་ནའང་ཚ་ཤུར་ཤུར་གྱི་ཚོར་བ་ཞིག་རིམ་པས་བྱུང་། ཚ་ཤུར་དེ་ཡང་ངོ་གདོང་གི་ངོས་སུ་སླེབས་པ་ཡིན་ནམ་མི་ཤེས་མོད། ངའི་ངོ་གདོང་དམར་པོ་འགྱུར་ཡོད་པ་རིམ་པས་ཚོར་ཡོང་བ་དང་སྦྲགས། ངའི་བློ་ངོར་འདས་དོན་ཞིག་འཆར་ཡོང་བ་ནི།  ངས་ནམ་རྒྱུན་ལས་ཀ་གྲོལ་རྗེས་རྐང་འཁོར་ལ་བཞོན་ནས་ཐལ་སྤུངས་སྒང་བརྒྱུད་ལྷ་ས་སློབ་འབྲིང་དང་པོའི་རྒྱལ་སྒོའི་མདུན་ནས་རིམ་པས་སྐྱིད་ཆུའི་འགྲམ་ལ་བསྐྱོད་པ་དེ་དྲན་པ་དང་། དྭངས་གཙང་གི་སྐྱིད་ཆུའི་སྐད་སྒྲ་ཡང་པོ་དེ་ལྷང་ལྷང་ཐོས་ཤིང་། ཆུང་འདྲིས་དང་ང་གཉིས་རྒྱུན་པར་སྐད་ཆ་བཤད་ནས་སྡོད་སའི་ཆུ་འགྲམ་དེ་ལ་སླེབས། ས་ཆ་དེ་རུ་ཕན་ཚུན་གླེང་མོལ་བྱེད་པ་དང་། སྐབས་རེར་དོན་དག་གལ་ཆེ་རྩ་བ་ནས་མེད་རུང་། ཕན་ཚུན་བར་ལ་རླུང་སྟོན་རེས་བྱེད་པ། ཡང་ན་སྐབས་རེར་གད་མོ་ཤོར་རྒྱུའི་དོན་དག་མེད་རུང་གད་མོ་དགོད་པ་ལ་སོགས་བྱས་ཞོར། མི་སུས་ཀྱང་འགོག་ཐབས་མེད་པའི་དགོང་དག་གི་ཉི་མ་ནུབ་རིར་ཕེབས་པའི་དུས་ཚོད་དེ་མཇལ་སྐབས། ང་གཉིས་ཁ་བྲལ་དགོས་པའི་བརྡ་དེ་ཡང་འབྱོར་གྱིན་ཡོད་པའི་གྲང་ཤུར་དེ་དང་། ད་རེས་ཀྱི་སྙན་པའི་གླུ་གཞས་ཉན་སྐབས་ཀྱི་གྲང་ཤུར་གཉིས་ལ་འདྲ་བའི་ཆ་ཧ་ཅང་མང་བྱུང་།

ན་གཞོན་གཞས་པ་ཤེར་བསྟན་གྱིས། “ཁྱེད་མེད་ན་ངའི་སེམས། སྟོང་ལྷང་ལྷང་།”ཟེར་བའི་མཚམས་སུ་སླེབས་སྐབས་ང་རང་ཆུང་འདྲིས་དང་བྲལ་ཁར་བཤད་མྱོང་བའི་སྐད་ཆ་ཁག་ཅིག་དྲན་པ་དང་། ལྷག་པར་དུ་མི་ཡུལ་ས་མཐར་གྱར་བའི་མི་ཡུལ་གྱི་འཚོ་བའི་བརྒྱུད་རིམ་མངར་སྐྱུར་མང་པོ་བརྒྱུད་སྐབས་ཀྱི་ཚོར་བ་རྣམས་གློག་བརྙན་ཐུང་ཐུང་ཞིག་ལ་ལྟ་བ་ལྟ་བུས་བློ་ངོར་འཆར་བ་དང་། བགྲང་བྱ་མང་པོ་འདས་པའི་དེ་དུས། ངས་ཡོ་རོབ་ནས་ཁ་པར་གཏོང་སྐབས་བྱང་བུ་ཉོ་དགོས་པ་དང་། རྒྱལ་ལམ་ཁར་ཡོད་པའི་ཁ་པར་གཏོང་ས་རུ་བྱང་བུ་དེ་སྤྱད་དགོས། སྐབས་དེ་དུས་བྱང་བུ་ལ་སྒོར་ལྔ་དང་། བཅུ་ཡང་ན། བཅོ་ལྔའམ་ཉི་ཤུ་གནས་ཡོང་། སྒོར་ལྔ་གནས་པའི་བྱང་བུ་དེས་ཁ་པར་ནང་སྐད་ཆ་བཤད་སྐབས་སྐར་མ་བདུན་ཙམ་ཡིན། ལོ་གཅིག་འདས་གཉིས་འདས་རིམ་པས་བྱང་བུ་དེའི་རིན་གོང་ཆུང་དུ་ཕྱིན་ཙང་སྐད་ཆ་བཤད་སྐབས་སྐར་མ་ཉི་ཤུ་གསུམ་ཅུ་དང་། རིམ་པས་སྒོར་ཉི་ཤུ་བྱས་པར་སྐར་མ་བརྒྱ་ལྷག་སྐད་ཆ་བཤད་རྒྱུ་ཡོང་། ངས་ལོ་བཞི་མིན་ཙམ་སྐྱབས་བཅོལ་གྱི་སྡོད་ཁང་ནང་འཚོ་བ་བསྐྱལ་ཙང་། ཁོར་ཡུག་དེའི་ནང་སྐབས་དེ་དུས་ཉལ་ཁང་ནང་ལ་ཁ་པར་མེད་ལ་རྒྱུན་གཏན་ཁ་པར་གཏོང་དགོས་ན། རྒྱལ་ལམ་ལ་ཕྱིན་ནས་སྤྱི་སྤྱོད་ཁ་པར་དེ་བེད་སྤྱོད་གཏོང་དགོས་ཡོང་།

ལྷ་སར་ཁ་པར་གཏོང་རིམ་བཞིན་ཆུང་འདྲིས་ལ་སྙིང་གཏམ་ཤོད་པ་དང་། ཕན་ཚུན་གཉིས་ཀྱིས་བརྒྱུད་མྱོང་བའི་འདས་དོན་ལ་ཡང་ཡང་ཕྱིར་མིག་ལྟ་བ། ངེད་གཉིས་ཁ་བྲལ་ནས་ཡུན་རིང་ཕྱིན་པའི་ཚོར་བའི་རླབས་རྒྱུན་ནང་གཅིག་ལ་གཅིག་དྲན་གྱི་བརྩེ་དུང་ལས་བྱུང་བའི་དྲན་གདུང་རྣམས་ཕར་བཤད་ཚུར་ཉན་བྱས་ཞོར་”ཁྱེད་མེད་ན་ངའི་སེམས་སྟོང་པ་རེད་འདུག་་་་་་་་་་་་་་་་་་་”ཟེར་བའི་ཚིག་དེ་ཧ་ཅང་མོད་པོ་བཤད་ཡོད།

མུ་མཐུད་ཁོང་གཉིས་ཀྱིས། “འགྲོ་ང་གཉིས་མཉམ་དུ་འགྲོ། ཉི་མ་ལྷ་སར་མཉམ་དུ་འགྲོ”ཞེས་ལེན་སྐབས། ཕོ་མོ་གཉིས་ཀྱི་དམ་བཅའ་དེ་གོ་ཞོར། ང་རང་ཆུང་ཆུང་ཡིན་སྐབས་ངའི་རྨོ་མོ་ལགས་ཀྱིས་གསུང་མྱོང་བའི་སྐད་ཆ་ཞིག་དྲན་དུ་བཅུག་བྱུང་།

ངའི་རྨོ་ལགས་དགོང་མོ་མ་གཟིམ་མཚམས་ལ་ཁོང་གི་སྐུ་སྟོད་ལ་མར་ཡང་ཡང་བྱུགས་ཏུ་བཅུག་གནང་གི་ཡོད། “ཕྲུ་གུའི་ལག་པ་བདེ་པོ་དང་། ཡང་པོ་ཡོད་པས་ཕན་ཆེ་བ་ཡོང་།”གསུངས། ཁོང་རང་དུས་འགྱུར་བྱུང་རྗེས་གྲལ་རིམ་འཐབ་རྩོད་ཁྲོད་འཐབ་འཛིང་ཆེན་པོ་ཕོག་པ་དང་། ཉེས་རྡུང་མང་པོ་ཕོག་ཙང་སྐུ་སྟོད་ལ་ལྦ་བ་ཆེན་པོ་ཞིག་མངོན་རྒྱུ་ཡོང་། ལྦ་བ་དེ་ལ་མར་བྱུག་ཞོར་ངས་ལྦ་བ་དེའི་བྱུང་རིམ་ཡང་ནས་བསྐྱར་དུ་བཀའ་འདྲི་ཞུས་མྱོང་། བྱུང་རིམ་དེའི་ལོ་རྒྱུས་ད་རེས་འབྲི་རྒྱུ་མི་དགོས་པ་བྱས།  རྨོ་ལགས་ཀྱིས་ལོ་རྒྱུས་དང་། སྒྲུང་དང་། དེ་བཞིན་མེས་རབས་ནས་མེས་རབས་བར་བརྒྱུད་ཡོང་བའི་ཤོད་སྲོལ་སོགས་ཡང་ཡང་གསུངས་པ་དང་། ངས་དུས་ད་ལྟ་ཡང་གསལ་པོར་དྲན་ལམ་དུ་ཡོད་པ་ནི། “ཁྱེད་རང་དབུས་ལྷ་སའི་ཇོ་བོ་རིན་པོ་ཆེ་མི་ཚེ་གཅིག་ནང་ཐེངས་གཅིག་ངེས་པར་དུ་མཇལ་དགོས། ཇོ་བོ་ཡིད་བཞིན་ནོར་བུ་མཇལ་ཐེངས་དང་པོ་མཇལ་བ་དང་། ངེས་པར་དུ་སྨོན་ལམ་ཞིག་འདེབས་དགོས། སྨོལ་ལམ་དེ་ཡིན་ན་མངོན་འགྱུར་ཡོང་གི་རེད།” ཅེས་ཡང་ནས་ཡང་དུ་གསུངས། ངའི་རྨོ་ལགས་གཤེགས་དུས་དགུང་གྲངས་བདུན་ཅུ་དོན་ལྔ་ཡིན་ལ། དེ་དུས་ང་རང་ལོ་བཅུ་གཅིག་ཡིན། ཁོང་གི་མི་ཚེའི་ནང་ཇོ་བོ་རིན་པོ་ཆེ་མཇལ་རྒྱུ་དང་སྨོན་ལམ་འདེབས་རྒྱུ་ཕར་བཞག་ལྷ་སར་ཉིན་གཅིག་ཡང་ཕེབས་མྱོང་མེད།

གཞས་ཚིག་རྩོམ་པ་པོས། “ཉི་མ་ལྷ་སར་མཉམ་དུ་འགྲོ” ཞེས་དམིགས་སུ་གདམས་དགོས་པ་དེར་རྒྱུ་མཚན་ཧ་ཅང་ཆེན་པོ་ཡོད་པར་ངེས་ལ། བོད་ཀྱི་ཤེས་རིག་ཀུན་གྱི་འབྱུང་གནས་སུ་འགྱུར་བའི་ཉི་མ་ལྷ་ས་ནི་བོད་རིགས་ཤིག་ཡིན་ཕྱིན་ས་ཕྱོགས་གང་དུ་སྐྱེས་ཡོད་མེད་ལ་མ་ལྟོས་པར་ཉིན་ཞིག་དབུས་ཀྱི་ཉི་མ་ལྷ་སར་ཐེངས་ཤིག་མཇལ་བར་འགྲོ་འདོད་པ་ནི་མི་ཚེའི་འདུན་པ་ཆེ་ཤོས་སུ་གཏོགས་ཡོད།

ལོ་ངོ་དྲུག་ཅུ་ཕྱིན་པའི་བཙན་བྱོལ་དང་། གཞིས་ཀྱི་ལོ་རྒྱུས་ནང་ཕན་ཚུན་སོ་སོར་འཇིག་རྟེན་མི་འདྲ་བ་གཉིས་གྲུབ་བཞིན་ཡོད་རུང་། མཐའ་མའི་དམིགས་ཡུལ་ནི་དབུས་ཀྱི་ཉི་མ་ལྷ་ས་མཇལ་བར་འདོད་པ་དེ་གཅིག་མཚུངས་སུ་གྱུར་ཡོད་པ་ན།

གསེར་ལྷ་ནི་བཙན་བྱོལ་དུ་འཁྲུངས་ཤིང་འཚར་ལོང་བྱུང་བ་དང་། ཤེར་བསྟན་ནི་གཞིས་སུ་འཁྲུངས་པའི་གཞས་པ་གྲགས་ཅན་ཞིག་ཡིན། གསེར་ལྷ་དང་ཤེར་བསྟན་གཉིས་དོན་དངོས་ཐོག་དགའ་རོགས་མིན་ལ་དགའ་རོགས་ཡོང་ཐབས་ཀྱང་རྩ་བ་ནས་མེད། འོན་ཀྱང་། སྒྱུ་རྩལ་བ་གྲགས་ཅན་རྟའུ་བློ་བཟང་དཔལ་ལྡན་མཆོག་གིས་ན་གཞོན་ཁོང་གཉིས་དགའ་རོགས་དང་། ཆུང་འདྲིས་ཡིན་པའི་བརྗོད་བྱར་བྱས་ནས་ཚིག་དང་གདངས་བརྩམས་གནང་ཡོད་པ་དང་། འཆར་ཡན་གྱི་དཔེ་མཚོན་འདིས་ངའི་མི་ཚེ་དང་བསྡུར་སྐབས་ཚོར་བ་སྐྱེན་པོ་སྦྱིན་བྱུང་བ་བཞིན། གཞས་འདི་ཉན་རྗེས་ཕོ་མོའི་བར་ལ་བརྩེ་དུང་བཅངས་མྱོངས་བ་དང་། མྱོང་བཞིན་པའི་འཇིག་རྟེན་པ་ཀུན་ལ་ཚོར་བ་གཅིག་མཚུངས་བསྟེར་ཡོད་སྲིད་ལ། ཁ་ཤས་ཀྱིས་གཞས་འདི་ཉན་ནས་མགོ་ལྕོག་ལྕོག་བྱས་ཡོད་སྲིད་ལ། ཁ་ཤས་ཀྱིས་མིག་ནས་མཆི་ཞག་འཁོར་ཡོད་སྲིད། ཡང་ཁ་ཤས་ཕོ་ཁྱོ་ག་ཡིན་ཙང་སེམས་ནང་མིག་ཆུས་རྦ་རླབས་འཕྱུར་རུང་མིག་ནས་མིག་ཆུ་མི་འདོན་ཁུལ་བྱས་ཡོད་སྲིད། དེ་ཚོ་ནི་མི་སོ་སོའི་སེམས་ནང་ཧ་ཅང་གསལ་ཐང་ཡིན་ངེས།

རྣམ་དཔྱོད་མཆོག་དུ་གྱུར་བའི་རྩོམ་པ་པོ་རྟའུ་བློ་བཟང་དཔལ་ལྡན་མཆོག་གིས་བརྩམས་གནང་བའི་གཞས་ཚིག་ཚང་མར་ཁྱད་དུ་འཕགས་པའི་བྲོ་བ་ཞིག་མྱོང་རྒྱུ་ཡོད་པ་བཞིན། ད་རེས་ཀྱི་གཞས་༼ང་གཉིས་མཉམ་དུ་འགྲོ༽ཞེས་པ་འདི་ཡང་དེ་ཚོའི་ནང་ནས་གཅིག་རེད།

གཤམ་དུ་གཞས་ཚིག་ཆ་ཚང་དང་གཞས་དེའི་དྲྭ་ཐག་མཉམ་སྦྱར་ཞུས་ཡོད།
https://www.youtube.com/watch?v=mb_nXVYcPiI།

ང་གཉིས་མཉམ་དུ་འགྲོ།
སྟག་དམར་ཡག་འགྱིང་སྐབས།
ཁྱེད་ང་ཡི་ཡིད་ལ་དྲན།
རྟ་འདོ་བ་རྒྱུག་སྐབས།
ཁྱེད་ང་ཡི་ཡིད་ལ་དྲན།
ཁྱེད་མེད་ན་ངའི་སེམས།
སྟོང་ལྷང་ལྷང་།

འགྲོ་ང་གཉིས་མཉམ་དུ་འགྲོ
ཉི་མ་ལྷ་སར་མཉམ་དུ་འགྲོ
འགྲོ་ང་གཉིས་མཉམ་དུ་འགྲོ
མི་ཚེ་གཅིག

བུ་དཔའ་མོ་འཛོམས་སྐབས།
ཁྱེད་ང་ཡི་ཡིད་ལ་དྲན།
གླུ་སྙན་པོ་ཐོས་སྐབས།
ཁྱེད་ང་ཡི་ཡིད་ལ་དྲན།
ངའི་སེམས་ནང་གི་ནོར་བུ།
ཁྱེད་མིན་ན་སུ།

འགྲོ་ང་གཉིས་མཉམ་དུ་འགྲོ
ཉི་མ་ལྷ་སར་མཉམ་དུ་འགྲོ
འགྲོ་ང་གཉིས་མཉམ་དུ་འགྲོ
མི་ཚེ་གཅིག

བསྐྱར་བཅོས།: ༢༠༡༩/༠༡/༠༧

Leave a Reply