སྒྱུ་རྩལ་གྱི་ལམ་ནས་ཚོར་འདུ་བརྗེ་ལེན།

རི་མོ་དང་སྙན་ངག་གྱེར་འདོན། རོལ་གཞས་སོགས་སྒྱུ་རྩལ་གྱི་ལམ་ནས་གང་ཟག་སྒེར་གྱི་ཚོར་འདུ་དང་བོད་ཕྱི་ནང་གི་གནས་སྟངས་ངོ་སྤྲོད་བྱས།ཁ་སང་དགོང་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་དྷ་ཤོད་ཀྱི་ཡར་ཕྱོགས་སུ་ཡོད་པའི་བསྟན་འཛིན་བརྩོན་འགྲུས་ཨ་ཤ་རམ་དུ། བོད་མི་སྐོར་ཞིག་གི་གོ་སྒྲིག་འོག་ས་གནས་བོད་མི་རྩོམ་པ་པོ་དང་གཞས་པ། ཕྱི་རྒྱལ་བ་བཅས་མི་གྲངས་ ༨༠ ལྷག་འདུ་འཛོམས་ཐོག རི་མོའི་སྒྱུར་རྩལ་བ་ཀརྨ་སྲིད་ཆོས་ལགས་ཀྱི་ཚབ་མཚོན་དེང་རབས་རི་མོ་འགྲེམ་སྟོན་དང་། སྙན་ངག་པ་དང་རྩོམ་པ་པོ་ལྔ་ཡིས་སྙན་ངག་གྱེར་འདོན། དེ་བཞིན་བཙན་བྱོལ་སྤུན་མཆེད་རོལ་ཚོགས་(JJI Exile Brothers)ཀྱིས་རོལ་གཞས་བཏང་བ་སོགས་སྒྱུ་རྩལ་གྱི་ལམ་ནས་ཕན་ཚུན་བར་སྒེར་གྱི་ཚོར་འདུ་བརྗེ་ལེན་དང་སྦྲགས་བོད་ནང་དང་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ངོ་སྤྲོད་བྱས་སོང་།

ཐེངས་འདིའི་འདུ་འཛོམས་གོ་སྒྲིག་པའི་གྲས་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ང་ཚོས་འདས་པའི་ལོ་ངོ་དུ་མའི་རིང་ནས་འདི་ལྟ་བུའི་སྒྱུ་རྩལ་གྱི་འདུ་འཛོམས་རིགས་མི་ཉུང་བ་ཞིག་གོ་སྒྲིག་བྱས་ཡོད་ཀྱང་། དེ་རིང་འདིར་བོད་ཀྱི་རི་མོ་བ་ཀརྨ་སྲིད་ཆོས་ལགས་ཀྱིས་རང་གི་རི་མོའི་སྐོར་ནས་ཁ་བརྡ་བྱ་རྒྱུ་ཡིན་པས། དེ་རིང་གི་འདུ་འཛོམས་ནི་དམིགས་བསལ་བ་ཞིག་ཡིན། ཞེས་བརྗོད་སོང་བ་དང་། དེ་སྔ་བོད་ནས་ཐང་བྲིས་སྒྱུ་རྩལ་ཐོག་སློབ་གཉེར་བྱས་ཏེ་ཕྱིས་སུ་དེང་རབས་རི་མོའི་ནང་ཞུགས་པའི་བོད་ཀྱི་དེང་རབས་རི་མོ་བ་ཀརྨ་སྲིད་ཆོས་ལགས་ཀྱིས་རང་གི་རི་མོའི་སྐོར་ནས་ངོ་སྤྲོད་དང་འབྲེལ། སོ་སོ་མི་སྒེར་གྱི་ཚོར་འདུ་རྣམས་རི་མོའི་ཐོག་ལ་ཕབ་ཅི་ཐུབ་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་ཐང་བྲིས་རི་མོ་དེ་རི་མོའི་སྒྱུ་རྩལ་ཚད་མཐོན་པོ་ཞིག་དང་། སྒྱུ་རྩལ་གྱི་སྒྲོམ་གཞི་དམིགས་བསལ་ཞིག་ཡོད་སྟབས། དེར་སྒྱུ་རྩལ་མཚོན་ཐབས་སོགས་ཀྱིས་མི་འདང་བའི་ཆ་ཞིག་མེད་ཀྱང་། མི་སྒེར་གྱི་ཚོར་འདུ་མངོན་མཚོན་བྱེད་རྒྱུའི་རང་དབང་དེ་ཙམ་མེད་སྟབས། དེང་རབས་རི་མོའི་སྒྱུ་རྩལ་གྱི་མཚོན་ཐབས་སྤྱད་རྒྱུའི་ཕྱོགས་ལ་གཞོལ་མགོ་བཙུགས་ཡོད་སྐོར་དང་། དེ་བཞིན་ཁོང་གི་རི་མོ་ཕལ་ཆེ་བའི་ནང་གདུང་བ་དང་། དྲན་གདུང་སོགས་སྐྱོ་བའི་ཉམས་ཡོད་ཚུལ་དང་། མེ་ལྕེ་ནི་གསོན་ཤུགས་སོགས་བཟང་ཕྱོགས་ཀྱི་མཚོན་དོན་ཡིན་པའི་སྒེར་གྱི་ངོས་འཛིན་དེའི་རྐྱེན་གྱིས། ཁོང་གི་རི་མོ་མི་ཉུང་བ་ཞིག་གི་ནང་མེ་ལྕེའི་སྣང་བརྙན་ཡོད་ཚུལ་ཡང་བརྗོད་སོང་།ཐེངས་འདིའི་སྒྱུ་རྩལ་འདུ་འཛོམས་གོ་སྒྲིག་པའི་ཁོངས་མི་རི་མོ་བ་ཀརྨ་སྲིད་ཆོས་ལགས་སུ་སྒྱུ་རྩལ་འདུ་འཛོམས་དེའི་སྐོར་ནས་བཅར་འདྲི་བྱས་པར་ཁོང་གིས། ང་ཚོས་འདི་ལྟ་བུའི་སྒྱུ་རྩལ་འདུ་འཛོམས་ཀྱི་སྡིངས་ཆ་ཞིག་བསྐྲུན་ཏེ་མི་སྒེར་རང་གི་སེམས་འཁུར་བྱེད་ཡུལ་གྱི་གནད་དོན་རྣམས་སྒྱུ་རྩལ་གྱི་ལམ་ནས་སྟོན་ཐུབ་པར་བྱེད་རྒྱུ་དེ་ཡིན། ཞེས་དང་། ད་བར་འདི་ལྟ་བུའི་སྒྱུ་རྩལ་འདུ་འཛོམས་ཐེངས་ ༡༥ ཙམ་འཚོགས་ཟིན་པ་དང་། དེ་ཡང་དྷ་རམ་ས་ལ་ཙམ་མ་ཡིན་པར་ལྡི་ལི་དང་འབྲས་ལྗོངས་སོགས་ཀྱི་ནང་ཡང་འཚོགས་མྱོང་ཡོད་པ་མ་ཟད། སྒྱུ་རྩལ་འདུ་འཛོམས་འདི་བརྒྱུད་ནས་ཕྱི་རྒྱལ་བ་མི་ཉུང་བ་ཞིག་ལ་བོད་དོན་དང་བོད་ཀྱི་སྙན་ངག་སོགས་སྒྱུ་རྩལ་རིག་གནས་ངོ་སྤྲོད་བྱས་ཐུབ་སོང་། ཞེས་དང་། ཁོང་རང་མཚོན་ན་དེ་སྔ་བོད་ནས་ཐང་བྲིས་སྒྱུ་རྩལ་ཐོག་ལ་སློབ་གཉེར་བྱས་ཏེ་ད་བར་རི་མོ་བྲིས་ནས་ལོ་ངོ་ ༣༠ ལྷག་འགྲོ་བཞིན་ཡོད་པ་དང་། དེང་རབས་རི་མོ་འབྲི་རྒྱུ་མགོ་བཙུགས་ནས་ལོ་ ༢༠ ལྷག་འགྲོ་བཞིན་ཡོད་སྐོར་ཡང་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༡༡

Leave a Reply