བཀའ་བརྒྱུད་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༧སྐྱབས་རྗེ་རྒྱལ་ཚབ་གཽ་ཤྲཱི་གྲགས་པ་མི་འགྱུར་གོ་ཆ་མཆོག་དབུ་བཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་ ༣༦ པ་དངོས་སུ་དབུ་འཛུགས་གནང་།དེ་རིང་ནས་གནས་མཆོག་རྡོ་རྗེ་གདན་གྱི་གཏེར་སྒར་དགོན་གྱི་ཉེ་འགྲམ་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་ ༣༦ པ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་སྨོན་ལམ་ཆེན་མོའི་ཐོག་༧སྐྱབས་རྗེ་རྒྱལ་ཚབ་གཽ་ཤྲཱི་གྲགས་པ་མི་འགྱུར་གོ་ཆ་མཆོག་དབུ་བཞུགས་ཐོག ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་། བཀའ་བརྒྱུད་པའི་བླ་སྤྲུལ་མཁན་པོ་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་དགོན་ཁག་གི་མཁན་པོ་དགེ་བཤེས་རྣམ་པ་དང་གྲྭ་བཙུན། དེ་བཞིན་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་བཅས་འཛོམས་ཡོད་འདུག

འདི་གའི་གསར་འགོད་པར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་འབོ་དཀར་བླ་མ་འཕྲིན་ལས་མཆོག་གིས། ཐེངས་འདིའི་བཀའ་བརྒྱུད་སྨོན་ལམ་སྐབས་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་གནང་ཐུབ་མེད་སྟབས། ༧སྐྱབས་རྗེ་རྒྱལ་ཚབ་གཽ་ཤྲཱི་གྲགས་པ་མི་འགྱུར་གོ་ཆ་མཆོག་ནས་སྨོན་ལམ་གྱི་དབུ་འཛིན་ལྟ་བུ་གནང་གི་ཡོད་པ་དང་། འདི་ལོའི་སྨོན་ལམ་སྐབས་མཛད་རིམ་དམིགས་བསལ་དེ་འདྲ་གང་ཡང་གོ་སྒྲིག་གནང་མེད་སྐོར་དང་། དུས་རྒྱུན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐོག་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་ ༥ ཙམ་འཛོམས་ཀྱི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་སྔོན་འགྲོའི་བཀའ་དབང་སྐབས་དད་ལྡན་མི་མང་ཁྲི་ ༡ ལྷག་འཛོམས་ཡོད་པ་དང་། འདི་ལོའི་སྨོན་ལམ་ཐོག་ཕྱིའི་ཡུལ་གྲུ་ཁག་ནས་དད་ལྡན་མི་མང་ ༡,༠༠༠ ལྷག་བཅར་ཡོད་སྐོར་གསུངས་བྱུང་།༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༡ བར་༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་པཎ་ཆེན་ནཱ་རོ་པས་མཛད་པའི་ཕྱག་ཆེན་གངྒཱ་མའི་བཀའ་ཆོས་གནང་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་ལྔའི་གཏོར་དབང་གནང་། སྐབས་དེར་དད་ལྡན་སེར་སྐྱ་མི་མང་ ༡༠,༠༠༠ ཙམ་འཛོམས་ཡོད་འདུག སྨོན་ལམ་དངོས་གཞི་དེ་རིང་ནས་ཕྱི་ཚེས་ ༢༠ བར་འཚོགས་ཏེ་འཛམ་གླིང་སྤྱིའི་ཞི་བདེ་དང་བསྟན་འགྲོའི་བདེ་དོན་སླད་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསུང་འདོན་དང་། ༸རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་སོགས་གནང་བཞིན་ཡོད་འདུག

ལོ་རྒྱུས་ལྟར་ན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ནི་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བདུན་པའི་སྐབས་ཐོག་མར་བྱུང་བ་ཞིག་ཡིན་པ་དང་།  བོད་ནང་དུས་འགྱུར་རིམ་པར་བྱུང་རྐྱེན་རེ་ཞིག་སྨོན་ལམ་ཚོགས་མ་ཐུབ་པར་ལྷག་ཡོད་འདུག་ཀྱང་། བོད་གཞུང་མང་གཉིས་བཙན་བྱོལ་དུ་འབྱོར་རྗེས། ཕྱི་ལོ་༡༩༨༣ ལོར་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་དང་འབོ་དཀར་རིན་པོ་ཆེ་མཆོག་རྣམ་གཉིས་ནས་རྒྱ་གར་དུ་བསྐྱར་གསོ་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ལོར་༧རྒྱལ་བ་ཀརྨ་པ་མཆོག་ནས་སྨོན་ལམ་ཆེན་མོའི་སྒྲིག་གཞི་འདུལ་ཁྲིམས་དང་མཐུན་པར་བསྐྱར་བཅོས་མཛད་དེ་ལོ་ལྟར་ཚོགས་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༡༤

Leave a Reply