འཐུས་ཤོར།

གྲུ་ཟུར་གྱི་ཨ་མཆོད།

ཉེ་བའི་ཆར་དྲ་བའི་སྤྱི་ཚོགས་ཐོག་འཛིན་སྐྱོང་བཀའ་ཤག་གིས་ཅིག་ཅིག་འཐུས་ཤོར་སོང་བ་དང་ཉིག་ཉིག་འཐུས་ཤོར་སོང་མེད་པའི་བགྲོ་གླེང་གི་ཚ་རླབས་ཤིག་འཕྱུར་བཞིན་པ་རེད། འདིར་ཁོ་བོའི་བོད་ཀྱི་སྐད་ཡིག་དང་འབྲེལ་ནས་འདིའི་ཆ་ཤས་ཤིག་ལེན་འདོད་བྱུང་།

སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་ཁ་གཅིག་གྲགས་སུ་ཀུན་གྱིས་སྒྲོག གལ་སྲིད་དེ་ཡིན་ན་བོད་མི་རིགས་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་དགོས། དེ་ཡིན་ན་བོད་མི་རིགས་ཀྱིས་རང་གི་སྲོག་རྩ་ལ་བདག་པོ་རྒྱག་དགོས། ཁོ་བོས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་སྐབས་བཅོ་ལྔ་བའི་སྐབས་སུ་སྲོག་རྩ་འདི་ལ་བདག་པོ་རྒྱག་པར་འཐུས་ཤོར་འགྲོ་གི་ཡོད་པར་ཚོར། དེ་ནི་བོད་གཞུང་གིས་བོད་ཡིག་བཀོལ་སྤྱོད་ལ་ཤུགས་རྒྱག་པའི་ཆོད་སེམས་ཀྱིས་འདང་གི་མེད་པ་དེ་རེད།

འཐུས་ཤོར་ཟེར་བ་ཅི།

ལར་ནས་འཐུས་ཤོར་ཟེར་བ་འདི་ལ་འགྲེལ་བཤད་ཅིག་དགོས་དོན་མེད་པ་ལྟ་བུ་ཡིན་ཡང་། ཕྱོགས་གཞན་ནས་བསམ་གཞིགས་བྱས་སྐབས་ཚིག་འདི་ལ་ཡང་བསམ་གཞིགས་ཤིག་འབབ་ཀྱི་ཡོད་ཚོད་འདུག ཐ་སྙད་འདི་རྗེས་གྲུབ་ཅིག་ཡིན་པས་ཐོག་མ་འདིའི་འབྲུ་རེ་རེ་བཞིན་བསམ་གཞིགས་བྱེད་དགོས། དང་པོ་“འཐུས”་ནི་སྒྲུབ་པར་འོས་པའི་ལས་དོན་དོན་ཏེ། ལས་དོན་བྱེ་བྲག་པ་གང་ཞིག་སྒྲུབ་པར་སྒྲུབ་པ་པོ་རང་ལ་ཆ་རྐྱེན་ཡོངས་སུ་ཚང་ཡོད་པས་དེ་སྒྲུབ་འོས་པ་འམ་སྒྲུབ་དགོས་པའམ་ཡང་ན་སྒྲུབ་པར་འཐུས་པ་ལ་གོ་དགོས་སྙམ། “ཤོར”་ནི་དེ་འདྲ་བའི་ལས་དོན་དེ་སྒྲུབ་པ་པོ་རང་གིས་སྒྲུབ་པའི་གོ་སྐབས་འཛིན་མ་ཐུབ་པར་གོ་སྐབས་ཤོར་སོང་བ་ལ་གོ་བར་སྙམ།

དེས་ན་གང་ཟག་གཅིག་གི་མདུན་དུ་ཕ་བོང་གཡག་འདྲ་བ་ཞིག་ཇོ་མོ་གླང་མའི་དབུ་རྩེར་འཇོག་མ་ཐུབ་པ་དེ་འཐུས་ཤོར་ཨེ་ཡིན། ཡང་ན་ཟམ་གདོང་ཚང་གིས་རྒྱ་གཞུང་ལ་ངོ་སྲུང་གིས་སྐད་འབོད་ཀྱང་བྱེད་དུ་མ་བཅུག་པར་བསྟུན་ཐབས་གནང་ཡང་དབུ་ལམ་ད་དུང་མ་རག་པ་དེ་འཐུས་ཤོར་ཨེ་ཡིན། བློ་སེང་གིས་འོས་བསྡུའི་སྐབས་སུ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་ཁ་ཕོ་བསྒྲགས་ཀྱང་ད་དུང་ཞུ་མ་ཐུབ་པ་དེ་འཐུས་ཤོར་ཨེ་ཡིན། དེ་བཞིན་ཞི་ཅིན་ཕིན་རྡ་སར་ཡོང་ནས་གཟིམ་ཆུང་མཇལ་ཁ་མ་ཞུས་པ་དང་། ཌོ་ནོལ་ཁྲོམ་གྱིས་ཨབ་གྷན་གྱི་མཛེས་མ་ཞིག་མནའ་མར་མ་བླངས་པ། ཡང་ན་༧གོང་ས་མཆོག་གིས་རྒྱ་སྐད་མི་གསུང་བ་སོགས་གང་ཟག་དེ་དང་དེས་མ་བྱས་པ་ཚང་མ་དེ་དང་དེའི་འཐུས་ཤོར་ཨེ་ཡིན།

ངས་བལྟས་ན་འདི་དག་ལ་འཐུས་ཤོར་ཞེས་པའི་ཐ་སྙད་ཀྱིས་ཁྱབ་ཀྱི་མེད། རྒྱུ་མཚན་ནི་བྱ་བ་དེ་དག་སྒྲུབ་པར་རང་ཕྱོགས་གཞན་ཕྱོགས་གཉི་ཀ་འམ་གང་རུང་ནས་མཐུན་རྐྱེན་ཚང་མེད་པའི་དབང་གིས་ཡིན། འོ་ན་འདི་དག་ཐམས་ཅད་བྱེད་ཐུབ་མཁན་ཞིག་ཡོད་ཆོག་པས་གལ་སྲིད་དེ་ཡོད་ཆོག་བཞིན་དུ་ཁྱོད་ཀྱིས་དེ་བྱས་མེད་ན་དེ་ལ་འཐུས་ཤོར་མི་ཟེར་ན་གང་ཟེར་ཞེས་ཟེར་ན། དེ་ལྟར་ན་བྱ་བ་སྒྲུབ་རྒྱུ་ལྷག་ཡོད་པ་ཚང་མ་ལ་འཐུས་ཤོར་བཏང་བར་བརྗོད་དགོས་པར་འགྱུར་། གལ་སྲིད་བརྗོད་དགོས་ན་ཧ་ཅང་ཐལ་བར་འགྱུར་སྟེ། དཔེར་ན་ཆོས་ཕྱོགས་ལ་མཚོན་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་གིས་སངས་མ་རྒྱས་པར་དུ་འཐུས་ཤོར་བཏང་བ་ཡིན་པ་དང་། སྲིད་དོན་གྱི་བྱ་བ་ལ་མཚོན་ན་འཐུས་ཤོར་མ་བཏང་བར་ལས་དོན་ཚགས་ཚུད་བྱེད་ཐུབ་མཁན་དབུ་ཁྲིད་གཅིག་ཀྱང་འཇོག་རྒྱུ་མེད་པར་འགྱུར། དེ་ལྟར་ན་འཐུས་ཤོར་བཏང་བ་ཟེར་བ་དེ་ཡང་དེ་འདྲའི་ཚབ་ཆེན་པོ་ཞིག་ཀྱང་མིན་པར་ཡམ་ཡམ་ཞིག་ལ་གྱུར་བ་རེད།

དེའི་ཕྱིར་ངས་བལྟས་ན་འདི་འདྲ་བའི་བྱ་བ་བྱེད་མ་ཐུབ་པ་རྣམས་ལ་འཐུས་ཤོར་བཏང་བར་འཇོག་མི་རིགས། འཐུས་ཤོར་བཏང་བ་ནི་ལས་དོན་གང་ཞིག་སྒྲུབ་པར་སྒྲུབ་པ་པོ་ལ་ནུས་པ་དང་ཆ་རྐྱེན་ཚངས་ཡོད་ན་ཡང་དེ་སྒྲུབ་མ་ཐུབ་པར་ལུས་སོང་པ་ཞིག་ལ་གོ་དགོས་པར་སྣང་། མདོར་ན་རང་ཉིད་ཀྱི་ནུས་པའི་ཁྱབ་ཁོངས་སུ་ཡོད་བཞིན་དུ་འཆར་གཞི་བཀོད་མ་ཐུབ་པའི་ལས་དོན་གང་ཡོད་པ་དེ་འཐུས་ཤོར་ཀྱི་ཁོངས་སུ་བཞག་ན་འགྲིག་པར་སྣང་། གང་ལགས་ཤེ་ན་ཁྱོད་ལ་ལས་དོན་དེ་སྒྲུབ་པའི་འཐུས་སྒོ་ཚང་ཡོད་ཀྱང་དེ་བྱས་ནས་གྲུབ་འབྲས་འདོན་པའི་གོ་སྐབས་ཤོར་བ་རེད།

ཟམ་གདོང་སྲིད་གཞུང་གིས་བྱས་རྗེས་མང་པོ་ཞིག་བཞག་ཡོད་སྲིད་མོད། ངའི་བློ་ལ་འབབ་པའི་བྱས་རྗེས་གཅིག་ནི་སྲིད་གཞུང་དེས་འཛིན་སྐྱོང་གི་ཁྱབ་ཁོངས་ཡོངས་སུ་བོད་ཡིག་བཀོལ་བའི་སྲོལ་ལེགས་པོ་ཞིག་ཚུགས་ཡོད་པ་དེ་ཡིན། དེའི་སྐབས་སུ་བཀའ་ཤག་སྔོན་མ་དག་གི་སྐབས་དང་མི་འདྲ་བར་གཞུང་གི་ལས་ཀ་ཡོངས་རྫོགས་བོད་གིས་བྱེད་པ་དང་། སྐབས་བབ་ཐ་སྙད་མང་པོ་ཞིག་གསར་བཀོལ་བྱས་ཡོད་པས་བོད་ཡིག་བཀོལ་བའི་རྨང་གཞི་འགྲིག་ཙམ་ཞིག་ཚུགས་ཡོད།

བློ་སེང་སྲིད་གཞུང་གིས་དཔལ་འབྱོར་དང་འཕྲོད་བསྟེན་ལ་གསར་གཏོད་ཀྱི་རང་བཞིན་ཅན་དང་། ཕྱི་འབྲེལ་ལ་ཧུར་བརྩོན་གྱི་རང་ཅན་མ་ཟད། ནང་སྲིད་ལ་ཆོད་ཆེན་གྱི་རང་བཞིན་ཅན་བཅས་གཟེངས་སུ་ཐོན་པའི་ལས་དོན་གལ་ཆེན་ཁག་ཅིག་བསྒྲུབས་ཡོད་པར་ཡི་རངས་བསྔགས་པའི་གནས་ལས་མ་མཆིས། འོན་ཀྱང་བོད་ཡིག་བཀོལ་སྤྱོད་ཀྱི་ཐད་ལ་རང་ཉིད་ཀྱི་བྱས་རྗེས་སུ་དེའི་ཁ་སྣོན་ཞིག་བྱེད་མ་ཐུབ་ཀྱང་དེའི་སྔ་མའི་རྒྱུན་མཐུད་དགོས་པ་འོས་འགན་དུ་གྱུར་ཡོད། འོན་ཀྱང་འདས་པའི་ལོ་བདུན་བརྒྱད་ཀྱི་རིང་ལ་གཞུང་འབྲེལ་ལས་རིམ་མང་དག་ཅིག་སྤེལ་སོང་བ་དེ་དག་གི་ནང་དུ་བོད་ཡིག་གི་ཆ་ཤས་ཉུང་བ་ནས་ཉུང་བར་འགྲོ་ཞིང་། ལས་འགུལ་བ་དེ་དག་གི་སེམས་སུ་བོད་ཡིག་མ་བཀོལ་འཚེར་སྣང་ཞིག་ཡོད་དགོས་པ་དེ་མཐོང་རྒྱུ་མེད་པའི་ཚོར་བ་བྱུང་།

དེའི་དཔེར་མཚོན་གསར་ཤོས་དང་གྲགས་ཆེ་ཤོས་ནི་ཉེ་ཆར་ཕྱི་སྡོད་བོད་མིའི་གྲངས་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཅིག་ཡོད་པ་དེ་རེད། དེའི་ནང་དུ་མགོ་བརྗོད་དེ་གཅིག་བུ་ལས་བོད་ཡིག་མཐོང་རྒྱུ་མེད་པ་དེས་བོད་ཡིག་གི་བཀོལ་སྤྱོད་ཀྱི་བརྒྱ་ཆ་ཧ་ཅང་ཆུང་ཆུང་ཡིན་པར་དངོས་སུ་མཐོང་། དེ་བཞིན་ཉེ་ཆར་གོ་སྒྲིག་བྱས་པའི་འཛིན་རིམ་བཅུ་བའི་སློབ་མར་འགོ་ཁྲིད་ནུས་པ་སྐྱེད་སྲིང་ཟབ་སྦྱོང་དེ་ལ་ཆ་ཞོགས། དེའི་ནང་དུ་མཁས་དབང་ཁག་གིས་གསུང་བཤད་མང་ཆེ་བའི་ཁུངས་ཨིན་ཡིག་ཅིག་གི་ནང་དུ་ཡོད་པ་དག་རེད། རིག་གནས་གསར་བ་ཡིན་སྟབས་ཁུངས་བཅོལ་ས་ཨིན་ཡིག་བྱས་ན་འགྲིག་མོད་དེ་བོད་སྒྱུར་བྱེད་པའི་འབད་བརྩོན་ག་ཚོད་བྱས་འདུག ཨིན་བོད་བསྲེས་སྐད་ག་ཚོད་བཀོལ་སོང་། བོད་ཡིག་བོད་སྐད་ཁོ་ན་བེད་སྤྱོད་བྱས་པའི་འཆད་ཁྲིད་པ་ག་ཚོད་བྱུང་སོང་། འདི་དག་ཚང་མའི་གཟིགས་སར་ཡོད། འདི་འདྲ་བའི་དཔེར་མཚོན་མང་དུ་བྱུང་ཡོད་ཀྱང་འདི་ཙམ་གྱིས་ཆོག་པར་བྱེད།

འགེངས་ཤོག་དེ་ལ་མཚོན་ན་དེའི་ནང་དུ་བོད་ཡིག་ཁོ་ན་ལས་མེད་ན་རབས་དང་། དེ་མ་བྱུང་རུང་ཨིན་བོད་ཤན་སྦྱར་ངེས་པར་དུ་བཟོ་ཆོག་པ་ལ་དེ་ལྟར་བཟོས་མེད་པ་ནི་གོང་དུ་བཤད་པའི་འཐུས་ཤོར་ཞེས་པའི་གོ་དོན་ཡོངས་སུ་ཚང་ཡོད།

འབྱུང་འགྱུར་བྱེད་ཕྱོགས།

སྤྱིར་འཐུས་ཤོར་ཕྱིན་ཟིན་པ་དེ་མ་གཏོགས་འཐུས་ཤོར་འགྲོ་བཞིན་པ་ངོས་ཟིན་པ་ཧ་ཅང་དཀའ་། དེའི་ཕྱིར་ད་ལན་དེ་ངོས་ཟིན་པ་ནི་དགའ་འོས་པའི་དོན་ཞིག་ལ་བརྩིས་ནས་འཐུས་ཤོར་དེ་སོར་ཆུད་བྱེད་དགོས།

༡༽ དགོས་པ་ཡོད་མེད་མ་ལ་ལྟོས་པར་བོད་ཡིག་ངེས་པར་དུ་འབྲི་དགོས། ད་ལན་གྱི་བཀའ་ཤག་གི་འགེངས་ཤོག་དེའི་ནང་དུ་བོད་ཡིག་མེད་པ་ནི་འགེངས་ཤོག་དེ་དག་ནུབ་ཕྱོགས་སུ་བཀོལ་རྒྱུ་ཡིན་པས་དེ་དག་ལ་བོད་ཡིག་ཁོ་ན་བྲིས་ན་ལག་ལེན་དངོས་ལ་དཀའ་ངལ་ཡིན་པ་དང་། བོད་ཡིག་ཡོད་རུང་ཨིན་ཡིག་ལས་བཀོལ་རྒྱུ་མིན་པ་ལ་དགོངས་པ་བཞེས་ནས་བོད་ཡིག་མ་བྲིས་ཡིན་ངེས། འོན་ཀྱང་དྲན་དགོས་པ་ཞིག་ལ་འཐུས་ཤོར་ཟེར་བའི་མགོ་འདི་འདྲ་ཞིག་ནས་གོ་མེད་ཚོར་མེད་ཀྱིས་འཛུགས་ཀྱི་ཡོད་པ་ལས་ཤེས་བཞིན་དུ་འཐུས་ཤོར་གཏོང་མཁན་ཞིག་འཛམ་གླིང་ན་མེད་པ་དྲན་དགོས།

༢༽ གཞི་རིམ་དུ་ལག་ལེན་ལ་འགེལ་ཐུབ་པ་བྱེད་དགོས། རང་གཞུང་གིས་ལས་རིམ་སྣ་ཚོགས་སྤེལ་བའི་སྐབས་སུ་ལས་བྱེད་པ་དག་གི་ཐོག་ཏུ་བོད་ཡིག་དང་བོད་སྐད་བཀོལ་དགོས་པ་མ་ཟད། བསྲེས་སྐད་ཀྱང་མི་བཀོལ་བར་གནོན་ཤུགས་འདང་ངེས་སྤྲོད་དགོས། བོད་ཡིག་བཀོལ་དགོས་རབས་གཏམ་བཤད་དང་ཡིག་ཐོག་ལ་ཡོད་པ་ཙམ་གྱིས་གང་ཡང་རྔོ་མི་ཐོགས། ལས་དོན་ལ་འཇུག་མཁན་གང་ཟག་དཀྱུས་མ་དག་གི་སེམས་ལ་བོད་ཡིག་བཀོལ་དགོས་པའི་རྡོག་ཁྲེས་ཞིག་འགེལ་ཐུབ་ན་ད་གཟོད་ལག་ལེན་གྱི་ནང་དུ་བོད་ཡིག་བཀོལ་ཡོང་བ་ཡིན། ལག་ལེན་དུ་བྱུང་ན་དེས་མ་འགྲིག་པ་ཞིག་ནམ་ཡང་མེད།

༣༽ བོད་ཡིག་འབྲི་མི་དགོས་སའི་ཡི་གེ་གཅིག་ཀྱང་མེད་པར་ངོས་འཛིན་ཐུབ་དགོས། བོད་ཡིག་འབྲི་དགོས་དང་མི་དགོས་ཀྱི་ཐོག་ལ་བསམ་གཞིགས་བྱེད་ཀྱིན་བསྡད་ན་ད་ལྟའི་ཁོར་ཡུག་འདི་འདྲའི་ནང་དུ་བོད་ཡིག་མ་བཀོལ་ན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཞིག་རྙེད་རྒྱུ་མེད། འོན་ཀྱང་ང་ཚོས་བོད་ཡིག་བཀོལ་དགོས་པ་ནི་གོ་བརྡ་མི་འཕྲོད་པའི་དཀའ་ངལ་གྱིས་མིན་པར་མི་རིགས་ཀྱི་སྲོག་རྩལ་ཡལ་གྲབས་ཀྱི་དཀའ་ངལ་གྱིས་ཡིན་པ་དེ་ཤེས་དགོས། དེ་ཡང་བོད་གཞུང་གི་ཡིག་ཆ་གཞན་ལྟ་ཅི་སྨྲོས། ཌོ་ནོལ་ཁྲོམ་ལ་བཏང་བའི་ཡི་གེ་ཡང་བོད་ཡིག་ཏུ་འབྲི་དགོས། འོ་ན་ཌོ་ནོལ་ཁྲོམ་གྱིས་བོད་ཡིག་ཤེས་སམ་ཞེས་དྲི་བ་འདོན་སྲིད་པ་རེད། སྤྱིར་ན་དེ་བོད་སྒྱུར་བྱེད་པ་ཁོ་རང་གི་འགན་ཡིན་པ་ལས་འུ་ཅག་གི་འགན་མིན་ན་ཡང་ང་ཚོས་དེའི་ཨིན་འགྱུར་ཞིག་དེ་དང་ལྷན་དུ་སྐུར་ན་ཆོག

༤༽ དུས་རྣམ་ཀུན་ཏུ་སྐད་ཟུང་བཀོལ་བའི་སྲིད་ཇུས་ཡོད་དགོས། བོད་གཞུང་གི་བྲིས་པའི་ཡིག་གེ་ན་གཅིག་ཡིན་རུང་དེ་བལྟ་མཁན་གྱི་ནང་དུ་ཤ་ཁྲག་བོད་རིགས་ཡིན་པ་ཞིག་གིས་ཡོད་ཚེ་ངེས་པར་དུ་མིག་མདུན་ན་བོད་ཡིག་ཅིག་མཐོང་རྒྱུ་ཡོད་དགོས། སྟབས་བདེ་ཁྱད་བྱས་ནས་ཨིན་ཡིག་ཁོ་ན་བཀོལ་ན་རང་གི་སྲོག་རྩ་དེ་སྟབས་བདེ་ཁྱད་ལ་བརྗེས་པ་ཡིན་པར་ངོས་ཟིན་དགོས། གལ་སྲིད་ཡིག་ཆ་གང་ཞིག་གི་བཀོལ་སྤྱོད་བྱེད་མཁན་གྱི་ནང་དུ་བོད་ཡིག་ཤེས་མཁན་གཅིག་ཀྱང་མེད་རུང་། ཡིག་ཆ་དེའི་ཁུངས་བོད་གཞུང་ཡིན་པའི་ཆ་ནས་སྐད་ཟུང་ཤན་སྦྱར་ངེས་པར་དུ་ཡིན་དགོས།

༥༽ བོད་ཡིག་གི་ཆེད་དུ་ལས་དོན་དམིགས་བསལ་བ་ཟུར་དུ་རྩོམ་དགོས། འོ་ན་བོད་གཞུང་གི་ལས་ཁུངས་ཆེ་ཕྲ་ཚང་མའི་ཡིག་ཆ་ཆེ་ཕྲ་ཆུང་གསུམ་ཚང་མ་བོད་ཡིག་ཐོག་ཡོད་དགོས་ན་མི་གྲོན་དང་རྒྱུ་གྲོན་མི་ཆེ་འམ་ཟེར་ན། རྒྱུ་གྲོན་ནི་ཤོག་བུ་འགའ་ཞིག་ལས་ཁྱད་པར་ཆེར་མི་འབྱུང་ཞིང་། མི་གྲོན་ལ་ནི་བལྟ་མི་འོས། ལས་ཁུངས་ཚང་མའི་ནང་དུ་བོད་ཡིག་ལོ་ཙ་བའི་ས་མིག་གསར་བཟོ་བྱེད་དགོས་ཀྱང་ངེས་པར་དུ་བྱེད་དགོས། ད་དུང་དེ་མིན་པའི་བོད་ཡིག་བཀོལ་སྤྱོད་གོང་འཕེལ་འགྲོ་བའི་ལས་དོན་གཞན་པ་མང་དག་སྤེལ་རྒྱུ་ཡོད་དགོས། ང་ཚོས་རྒྱུན་དུ་མིག་དཔེ་བལྟ་ས་ནུབ་ཕྱོགས་པ་དག་གིས་རང་རང་གི་སྐད་སྲུང་ཆེད་དུ་ལས་འགུལ་གང་དང་གང་སྤེལ་འདུག དེ་དག་ལ་མིག་དཔེ་ལྟ་རིགས།

གོང་ཞུ་འདི་དག་ནི་ལོ་འགའ་ཞིག་གི་རིང་ལ་ཡོད་པའི་ཚོར་བ་མག་མོག་ཅིག་ད་ལན་གཞི་ནས་གཟུགས་སུ་མངོན་པ་ཡིན། སྤྱིར་བཏང་སྐྱོན་བརྗོད་པ་པོ་ལ་སྐྱོན་བརྗོད་པ་ཙམ་ལས་སྐྱོན་དེ་སེལ་བའི་ཐབས་ལམ་སྟོན་དགོས་པའི་འགན་འཁྲི་མེད། འོན་ཀྱང་གུས་པས་རྒན་པོ་བསམ་ཡོད་ཅིག་གི་བྱེད་སྟངས་བྱས་ནས་འཐུས་ཤོར་འདི་སོར་ཆུད་ཐབས་བསམ་ཚུལ་འགའ་ཡང་ཞུས་པ་ལགས་སོ། འགྲིག་མེད་པ་འདུག་ན་དགོངས་དག་ཞུ།

བསྐྱར་བཅོས།: ༢༠༡༩/༠༡/༡༥

Leave a Reply

2 thoughts on “འཐུས་ཤོར།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    འཐུས་ཤོར་འཐུད་ཤོར་ཐ་སྙད་འདི་གཉིས་ལ།
    རིག་པས་དཔྱད་ནས་དག་ཆ་ངོས་བཟུང་ན།
    འཐུས་ཤོར་འཐུད་ཤོར་ས་མཚམས་དེ་ནས་ཤེས།
    སྤྱི་ཚོགས་དར་རྒུད་འཐུད་ཤོར་འོག་ཏུ་གནས།
    ལས་དོན་ཚགས་ཚུད་འཐུས་ཤོར་འོག་ཏུ་གནས།
    དེ་གཉིས་དབྱེ་བ་ཡིག་གེའི་དག་ཆས་ཆོད།

    1. འཇམ་དཔལ་ཚུལ་ཁྲིམས།

      འཐུས་ཤོར་ཟེར་བ་ཞིག་ལས་འཐུད་ཤོར་ཟེར་བ་ད་བར་གོ་མ་མྱོང་། སྐུ་ཉིད་ཀྱི་སྐད་དུ་འདི་གཉིས་ཀྱི་སྒྲ་འདྲ་བས་དག་ཆ་ནོར་ཉེན་ཡོད་ན་ཡང་། ང་ཚོའི་སྐད་ལ་དེ་ཉིས་ཀྱི་སྒྲ་ལ་ཁྱད་པར་ཆེན་པོ་ཡོད་པས་ནོར་ཉེན་དེ་ཙམ་མེད། དེའི་ཕྱིར་ང་ལ་འཐུས་ཤོར་རེད་དམ་འཐུད་ཤོར་ཟེར་བའི་དྲི་བ་ཆེན་པོ་ཡོང་གི་མེད།