བོད་ནང་གི་དངོས་ཡོད་གནས་ཚུལ་དེ་རྒྱལ་སྤྱིའི་སྟེང་གླེང་སློང་བྱེད་དགོས་པ་གལ་ཆེན་ཆགས་ཡོད། 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་གི་ཁོར་ཡུག་སོགས་གཏོར་བཤིག་གཏོང་གི་ཡོད་པའི་ཐད་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མར་འགན་ཡོད་པ་ལྟར་ཉིན་གྲངས་གསུམ་རིང་མཉམ་དུ་ཟབ་སྦྱོང་སྤྲོད་ཀྱི་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཐོག་ཁང་ཆེན་མོའི་ནང་།  བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། ཇི་ནེ་ཝ་བོད་ཀྱི་སྐུ་ཚབ་དོན་གཅོད་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་གནད་དོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་གི་ལས་བྱེད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༢༥ ཙམ་མཉམ་ཞུགས་བྱེད་བཞིན་ཡོད་པ་དང་།  ཟབ་སྦྱོང་ཆེད་མཉམ་འབྲེལ་རྒྱལ་ཚོགས་དང་སུད་སི། དེ་བཞིན། ཨ་རི་སོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ། དམངས་གཙོ།  ཁོར་ཡུག་སོགས་ཀྱི་ཐོག་ཆེད་མཁས་པ་སུད་སི་ནས་ཡིན་པ་ཨ་ཌི་རན་ཁུ་ལོ་ཌི་རྫོ་ལར་(Adrien-Claude Zoller)ལགས་དང་མྰ་གྷོ་རེ་ཊི་ཁོན་ཊ་ཊི་(Marguerite Contat)ལགས། ཡོ་ཝི་སི་ལྰ་རྡོར་(Yves Lador)ལགས། དེ་བཞིན་ཨ་རི་ནས་ཡིན་པའི་ལྗོ་ཤོ་ཁོ་པར་(Joshua Cooper)ལགས་བཅས་ཆེད་དུ་གདན་འདྲེན་གནང་འདུག

ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཟབ་སྦྱོང་དབུ་འཛུགས་ཀྱི་གཏམ་བཤད་གནང་སྐབས། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་བོད་ཀྱི་གནས་སྟངས་སྤྱི་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན། ཁོར་ཡུག་སོགས་ཀྱི་ཐོག་གནས་ཚུལ་རྒྱུས་ལོན་ཡོང་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན་ལ། ཟབ་སྦྱོང་སྤྲོད་མཁན་རྣམས་ནི་བོད་དོན་ཐོག་གོ་རྟོགས་ཆེན་པོ་ཡོད་པ་དང་། ནམ་རྒྱུན་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སོགས་ཀྱི་ཐོག་ཕྱག་ལས་གནང་གི་ཡོད་པ་སོགས་ཉམས་མྱོང་ཅན་རྐྱང་གདན་འདྲེན་ཞུས་ཡོད་སྐོར་དང་།  ཟབ་སྦྱོང་ནང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ཚུད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སྐད་བཏང་སྟེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་གི་ཁོར་ཡུག་སོགས་གཏོར་བཤིག་གཏོང་གི་ཡོད་པའི་ཐད་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མར་འགན་ཡོད་སྟབས། ཟབ་སྦྱོང་འདི་བརྒྱུད་མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཚང་མར་གལ་སྲིད་ཉིན་ཞིག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱེད་དགོས་ཚེ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་འབྲེལ་ཡོད་ལས་ཁུངས་དང་ཚོགས་སྡེ་ཁག་གང་དག་ལ་འབྲེལ་ལམ་འཛིན་དགོས་པ་སོགས་མཁྱེན་རྟོགས་ཡོང་སླད་ཡིན་པ་དང་། བོད་ཀྱི་ཁོར་ཡུག་གི་གནས་བབ་དེ་རྒྱལ་སྤྱི་རང་བཞིན་གྱི་གནས་བབ་ཅིག་ཡིན་སྐོར་སོགས་བརྗོད་སོང་།

གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་བྱས་པ་བརྒྱུད་རྒྱལ་སྤྱིའི་སྟེང་ནུས་ཤུགས་ག་ཚོད་ཅིག་འདོན་ཐུབ་སྐོར་དྲིས་པར་ཁོང་གིས།  ང་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནང་ལོ་རྟག་པར་གླེང་སློང་བྱས་བསྡད་ཡོད་པ་རེད། ལྷག་པར་དུ་ད་ལོ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་བསྐྱར་ཞིབ་བྱེད་པའི་ལོ་ཞིག་ཆགས་བསྡད་ཡོད་པར་བརྟེན། ད་ལོར་འཛམ་གླིང་རྒྱལ་ཁབ་ ༢༢ ལྷག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ཀྱི་སྐོར་གླེང་སློང་བྱས་ཡོད་པ་རེད། དམིགས་བསལ་ནེའུ་རྫི་ལན་ཌིས་བོད་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་མིའི་ལྷན་དུ་ཞི་མོལ་བྱེད་དགོས་རེད་ཅེས་གསུང་གི་ཡོད་པ་དེ་ཚོ་གལ་ཆེན་པོ་རེད་བསམ་གྱི་འདུག དེར་བརྟེན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སོགས་ཀྱི་གནས་བབ་དེ་རྒྱལ་སྤྱིའི་སྟེང་གླེང་སློང་བྱས་ཏེ། རྒྱལ་སྤྱིའི་མི་མང་ནས་མཁྱེན་རྟོགས་ཡོང་བར་བྱེད་རྒྱུ་གལ་ཆེན་ཞེ་དྲགས་རེད། དེ་མིན་རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་བོད་ནང་གི་གནས་སྟངས་དེ་དངོས་ཡོད་གནས་ཚུལ་མིན་ཚུལ་སོགས་འཁྱོག་བཤད་བྱས་ནས་འགྲོ་ཡི་ཡོད་པ་རེད། དེ་བས་ང་ཚོས་དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་དེ་རྒྱལ་སྤྱིའི་ནང་གླེང་སློང་བྱེད་དགོས་པ་གལ་ཆེན་ཆགས་ཡོད།  ཅེས་བརྗོད་བྱུང་།

གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་སུ། ད་རེས་ཟབ་སྦྱོང་ནང་མཉམ་ཞུགས་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་དྲིས་པར་མོས། ང་ཚོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་གཤིབ་མང་པོ་ཞིག་བྱེད་དགོས་ཡོད་ཀྱང་། ང་ཚོའི་དྲི་བ་སོགས་ལ་ལན་མ་བསླེབས་པའི་གནས་སྟངས་མང་པོ་བྱུང་སོང་། དེར་བརྟེན། ད་རེས་གོ་སྐབས་འདི་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ལབ་དུས་ཚོགས་པ་ཆེན་པོ་ཞིག་ཡིན་སྟབས། ཆེད་མཁས་པ་ཁོ་ཚོ་བརྒྱུད་མ་འོངས་པར་ང་ཚོས་འབྲེལ་ལམ་སུ་ལ་འཛིན་དགོས་པ་སོགས་དོགས་པ་མང་པོ་ཞིག་སེལ་ཐུབ་པའི་རེ་བ་རྒྱག་གི་ཡོད། ཅེས་དང་།  བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སྐད་བཏང་སྟེ་ཟབ་སྦྱོང་སྤྲད་པ་མང་པོ་མེད་པས་ད་ལན་ནི་ཐོག་མ་ལྟ་བུ་ཆགས་ཡོད་སྟབས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་མཉམ་རུབ་ཀྱི་ཟབ་སྦྱོང་སྤྲད་པ་ནི་ཡག་པོ་ཞིག་ཏུ་མཐོང་ཡོད་སྐོར་སོགས་བརྗོད་བྱུང་།

དེ་རིང་ཟབ་སྦྱོང་སྤྲོད་མཁན་དང་འཛུལ་ཞུགས་པ་ཕན་ཚུན་བར་ངོ་སྤྲོད་དང་ཚོགས་སྡེ་སོ་སོའི་དཀའ་ངལ་བགོ་འགྲེམས་བྱེད་བཞིན་ཡོད་པ་དང་། སང་ཉིན་ཆེད་མཁས་པ་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་དང་དེ་འབྲེལ་གྱི་རྒྱལ་སྤྱིའི་ལྷན་ཁང་ཁག་ངོ་སྤྲོད་བྱས་རྗེས་དྲི་བ་དྲིས་ལན་བྱ་རྒྱུ་དང་། ཉིན་མཐའ་མར་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནས་སྟངས་ངོ་སྤྲོད་དང་། ཉིན་རྒྱབ་ཏུ་ཟབ་སྦྱོང་སྤྲོད་མཁན་དང་འཛུལ་ཞུགས་པའི་བར་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་རྗེས་གྲོས་དོན་གཏན་འབེབས་གནང་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༡༥

Leave a Reply

One thought on “བོད་ནང་གི་དངོས་ཡོད་གནས་ཚུལ་དེ་རྒྱལ་སྤྱིའི་སྟེང་གླེང་སློང་བྱེད་དགོས་པ་གལ་ཆེན་ཆགས་ཡོད། 

  1. སྲས་སྐུ་ངོ་།

    རྩུབ་པོ་བྱས་ན་མ་གཏོགས་བོད་ཀྱི་གནད་དོན་རྒྱལ་སྤྱི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཁག་པོ་རེད།