འདི་ལོའི་སྟག་རྒན་ཞིག་འཛིན་བཟུང་བྱས།

འདི་ལོའི་སྟག་རྒན་གཉིས་པ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ནང་སྲིད་དང་ཁྲིམས་འཛིན་ལས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གཞོན་པ་ཀྲོ་ཀྲིན་ཡོང་འཛིན་བཟུང་བྱས།
དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་ཧྲན་ཞི་(Shanxi)ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་། དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ནང་སྲིད་དང་། ཁྲིམས་འཛིན་ལས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གཞོན་པ་ཀྲོ་ཀྲིན་ཡོང(Zhao Zhengyong)གིས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པའི་དོགས་གཞིའི་འོག ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་ཀྱི་ཡོད་འདུག

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ཀྲོ་ཀྲིན་ཡོང་གིས་དམར་ཤོག་ཚོགས་པ་དང་གཞུང་གི་ལམ་ལུགས་ལ་གདལ་བཤིག་ཆེན་པོ་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པའི་དོགས་གཞི་སྐོར་བརྗོད་འདུག

རྒྱ་ནག་གི་དཔལ་འབྱོར་དུས་དེབ་(Caixin)ཞེས་པའི་སྟེང་། ཀྲོ་ཀྲིན་ཡོང་གིས་སྒེར་གྱི་དབང་ཆ་ལོག་སྤྱོད་ཀྱིས་ཧྲན་ཞི་གྲོང་ཁྱེར་དུ་སྤྲོ་སྐྱིད་ཁང་ཆེན་པོ་ ༡༠༠ ལྷག་འཛུགས་བསྐྲུན་བྱས་ཏེ།  ཕྱི་ལོ་ ༢༠༡༤ ལོར་ཞི་ཅིན་ཕིན་གྱིས་དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོས་བྱེད་མི་ཆོག་པའི་དོན་ཚན་ ༦ ཟེར་བ་དང་འགལ་ཡོད་སྐོར་བསྒྲགས་འདུག

ཀྲོ་ཀྲིན་ཡོང་ནི་ཕྱི་ལོ་ ༢༠༡༩  ལོར་འཛིན་བཟུང་བྱས་པའི་སྟག་རྒན་ཨང་གཉིས་པ་ཆགས་ཡོད་པ་དང་། སྟག་རྒན་དང་པོ་ནི་ད་ལོའི་ཕྱི་ཟླ་ ༡ ཚེས་ ༦ ཉིན་འཛིན་བཟུང་བྱས་པའི་རྒྱ་ནག་པེ་ཅིན་གྲོང་ཁྱེར་འཆར་འགོད་ལྷན་ཚོགས་ཀྱི་མགོ་གཙོ་ཟུར་པ། པེ་ཅིན་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཟུར་པ། རྒྱ་ནག་གཞུང་འབྲེལ་ཚན་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཀང་ཆགས་ཡོད་པ་དང་། ཁོ་ལའང་དམར་ཤོག་ཚོགས་པ་དང་གཞུང་གི་ལམ་ལུགས་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༣ བར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ཚོགས་འདུའི་སྟེང་ཕྱི་ལོ་ ༢༠༡༩ ལོའི་ལས་དོན་བྱེད་ཕྱོགས་ཟེར་བ་གཏན་འབེབ་བྱས་པའི་ནང་། ལོ་འདིར་སྔར་བཞིན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བསམ་བློའི་དྲག་ཆས་སྤྲོད་རྒྱུ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་ཕྱོགས་དང་བླང་བྱ་དོན་འཁྱོལ་བྱེད་དགོས་སྐོར་སོགས་དོན་ཚན་བརྒྱད་གཏན་འབེབ་བྱས་ཡོད་འདུག

ཚོགས་འདུ་དེའི་ཐོག་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་ཇི་ལྟར་རྒོལ་དགོས་པའི་སྐོར་ལ་ངེས་པར་དུ་སྒྱིད་ལུག་རུལ་སུངས་ཀྱི་སྣང་ཚུལ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་མི་ཉམས་པ་བྱེད་དགོས་སྐོར་སོགས་ངེས་པར་བྱེད་དགོས་པ་ ༥ དང་འགན་ལེན་དགོས་པ་ ༥ བསྒྲགས་ཡོད་འདུག

ཀྲོ་ཀྲིན་ཡོང་ནི་ལོ་ན་ ༦༧ ཡིན་པ་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་བྱང་ཤར་རྒྱུད་ཀྱི་ཨན་ཧེ(Anhui)ཞིང་ཆེན་མཱ་ཨན་ཧྲན་(马鞍山)གྲོང་ཁྱེར་དུ་སྐྱེས་ཤིང་། རྒྱ་ནག་གཞུང་འབྲེལ་ལྷོ་ཕྱོགས་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་རྗེས། མཱ་ཨན་ཧྲན་རྣོ་ལྕགས་བཟོ་གྲྭའི་ནང་ལས་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༣ ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ན་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་ནག་ཧང་ཧྲན་(Huangshan)གྲོང་ཁྱེར་དམར་ཤོག་ཚོགས་པའི་ཚོགས་གཙོ་སོགས་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༥ ནས་རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་དང་ཕྱི་ལོ་ ༢༠༡༠ ནས་ཧྲན་ཞི་ཞིང་ཆེན་གྱི་སྤྱི་ཁྱབ་མགོ་གཙོར་བསྐོས་རྗེས། ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༨ པའི་མི་མང་འཐུས་མི་དང་ཕྱི་ལོ་ ༢༠༡༢ ལོ་ནས་ཧྲན་ཞི་དམར་ཤོག་ཚོགས་པའི་མགོ་གཙོ་གཞོན་པར་བསྐོས་ཡོད་པ་དང་། ཁོ་ནི་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་རེ་བ་ཆེན་པོ་བྱེད་ས་ཞིག་དང་། ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ནང་སྲིད་དང་། ཁྲིམས་འཛིན་ལས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གཞོན་པར་བསྐོས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་ལ་སྲིད་དབང་ཐོབ་པ་ནས་བཟུང་ལྐོག་ཟ་རུལ་སུངས་ལ་རྡུང་བརྡེག་གཏོང་མགོ་བཙུགས་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཕྱི་ལོ་ ༢༠༡༨ ལོར་འཛིན་བཟུང་ཞིབ་བཤེར་དང་ཁྲིམས་ཆད་ཕོགས་པའི་མགོ་འཁྲིད་དང་ལས་བྱེད་མི་སྣའི་གྲངས་ཐོ་བཏོན་པ་ལྟར་ན། འདས་ལོར་ལྐོག་ཟ་རུལ་སུངས་བ་དང་སྒྲིག་འགལ་བ་མི་གྲངས་འབུམ་ ༦༢༡༠༠༠ ལ་ཉེས་ཆད་བཅད་ཡོད་པ་དང་། དེའི་ཁྲོད་མི་གྲངས་ ༥༢༦༠༠༠ ལ་ཏང་གི་སྒྲིག་གཞིའི་ཁྲིམས་ཆད་བཅད་ཡོད་པ་དང་། དེ་དག་གི་ཁྲོད་ཞིང་ཆེན་རིམ་པའི་མགོ་འཁྲིད་ ༥༡ དང་། ས་ཁུལ་རིམ་པའི་མགོ་འཁྲིད་དང་ལས་བྱེད་ ༣༥༠༠ ། རྫོང་རིམ་པའི་མགོ་འཁྲིད་དང་ལས་བྱེད་འབུམ་ ༢༦༠༠༠། ཤང་རིམ་པའི་མགོ་འཁྲིད་ ༩༡༠༠༠། སྤྱིར་བཏང་གི་ལས་བྱེད་པ་ ༡༡༡༠༠༠ དང་གྲོང་གསེབ་ལས་བྱེད་དང་ཁེ་གཉེར་མི་སྣ་སོགས་ ༣༩༠༠༠༠ ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༡༦

Leave a Reply