ང་ཚོ་མི་རིང་བར་མཇལ་ཐུབ་པའི་སྨོན་འདུན་ཡོད།

དཔལ་༧རྒྱལ་བ་ཀརྨ་པ་མཆོག་ནས་བརྙན་ལམ་བརྒྱུད་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་དམིགས་བསལ་བཀའ་སློབ་གནང་སྐབས་མུ་མཐུད་རྒྱ་གར་དབུས་གཞུང་དང་འབྲེལ་བ་གནང་སྟེ་གང་མགྱོགས་རྒྱ་གར་དུ་ཕེབས་ཐུབ་པ་བྱུང་ནས་ཞལ་མཇལ་ཡོང་རྒྱུའི་སྨོན་འདུན་ཡོད་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༢༡ ཉིན། བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༦ པའི་ཉིན་མཐའ་མ་དང་སྟབས་བསྟུན། ལོ་ལྟར་དཔལ་རྒྱལ་བ་ཀརྨ་བ་རིན་པོ་ཆེ་མཆོག་ནས་སྨོན་ལམ་ཆེན་མོར་དམིགས་བསལ་བཀའ་སློབ་སྩལ་སྲོལ་ཡོད་པ་ལྟར། འདི་ལོར་རིན་པོ་ཆེ་མཆོག་ནས་བརྙན་ལམ་བརྒྱུད་བཀའ་སློབ་བསྩལ་བའི་ནང་། སྐུ་དངོས་སུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་གཉིས་ལ་ཕེབས་ཐུབ་མེད་པ་དེར་བློ་འགྱོད་ཆེན་པོ་ཡོད་སྐོར་དང་། སྤྱིར་བཏང་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ པའི་ནང་རྒྱ་གར་དུ་ཕེབས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་རྒྱུ་དང་།  རྒྱ་གར་གྱི་གནད་ཡོད་མགོ་འཁྲིད་རྣམས་དང་ཐུག་འཕྲད་ཀྱིས་བཀའ་མོལ་ཞུ་འདོད་བྱུང་ཡང་ཕེབས་ཐུབ་མེད་པ་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་བཞེས་པར་བརྟེན་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་སེར་པོ་དེ་ཨ་རིར་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་དུ་ཕུལ་ཡོད་པ་སོགས་གསུངས་འདུག

བརྙན་ལམ་བརྒྱུད་བསྩལ་བའི་བཀའ་སློབ་ནང་། ད་རེས་ཀྱི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྦྱིན་བདག་གཙོ་བོ་བལ་ཡུལ་གྱི་མ་ནང་རྫོང་སྙེ་ཤང་ཡུལ་ཚོའི་སེར་སྐྱ་མི་མང་ཡིན་པར་བརྟེན། ངས་བསམ་པར་འབྲས་ལྗོངས་སོགས་ཧི་མ་ཡའི་རིགས་རྒྱུད་དང་འབྲུག བལ་ཡུལ་ནང་གི་དོལ་པོ་སོགས་ཀྱི་དད་ལྡན་མི་མང་རྣམས་མི་རབས་དུ་མ་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད་སྟབས། མ་འོངས་པར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་སྦྱིན་བདག་བྱེད་རྒྱུའི་གོ་སྐབས་འཛིན་དགོས་སྐོར་གསུངས་པ་དང་འབྲེལ་ཁོང་གིས།  ང་རང་གི་མིང་ཐོག་ནས་ད་རེས་ཀྱི་སྨོན་ལམ་ཆེན་མོ་འདིའི་ཚོགས་མགོན་དུ་བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་ངེས་པར་ཕེབས་དགོས་པའི་སྙན་ཞུ་ཕུལ་ཡོད། ཡིན་ན་ཡང་མཐའ་མ་དེར་ཕེབས་ཐུབ་མེད་པར་བརྟེན། ༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་ངེས་པར་དུ་ཚོགས་མགོན་དུ་ཕེབས་དགོས་པའི་གསོལ་བ་ནན་ཏན་ཕུལ་བར་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གནང་བ་མ་ཟད། སྨོན་ལམ་གྱི་སྔོན་འགྲོའི་སྐབས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་ཟབ་མོ་བསྩལ་བ་དང་། དེ་བཞིན་སྨོན་ལམ་དངོས་གཞིའི་སྐབས་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་ཟབ་མོ་གནང་བར་བཀའ་བརྒྱུད་པ་ཡོངས་དང་། ལྷག་པར་དུ་བཀའ་བརྒྱུད་སྨོན་ལམ་འདུས་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་རིན་པོ་ཆེ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ། ཞེས་གསུངས་འདུག

རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་གཉིས་ལ་ཕེབས་ཐུབ་མེད་པའི་སྐོར་ལ་ཁོང་གིས། བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་བཀའ་བརྒྱུད་པའི་ཆོས་ཕྱོགས་ཀྱི་བྱ་བ་གལ་ཆེན་ཆགས་ཀྱི་ཡོད་ཀྱང་། ང་རང་བཀའ་བརྒྱུད་སྨོན་ལམ་ཐེངས་གཉིས་ལ་བཅར་ཐུབ་མ་སོང་། དེར་བརྟེན་ང་རང་ལ་བློ་འགྱོད་ཆེན་པོ་ཡོད། དེ་རིང་གོ་སྐབས་འདི་དང་བསྟུན་ནས་ཚང་མ་ལ་དགོངས་སེལ་ཞུ་རྒྱུ་ཡིན། ཞེས་དང་། སྤྱིར་བཏང་ན་ནིང་ཕྱི་ཟླ་ ༡༡ པའི་ཟླ་མཇུག་ལ་དྷ་རམ་ས་ལར་ཆོས་ལུགས་ཀྱི་ཚོགས་ཆེན་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚང་མ་ངེས་པར་དུ་ཡོང་དགོས་པའི་བོད་གཞུང་གི་བཀའ་ཕེབས་པར་བརྟེན་ང་རང་བཅར་འདོད་བྱུང་སོང་ལ། མ་གཞི་དེ་སྔོན་ཕྱི་ཟླ་ ༡༠ ནང་ང་རང་ཁ་ན་ཌར(Canada) མ་སོང་གོང་རྒྱ་གར་ལ་འཁྱུག་ཙམ་འགྲོ་ཐུབ་ན་བསམ་པ་དྲན་བྱུང་། ཕྱོགས་གཅིག་ནས་༧སྐྱབས་མགོན་རིན་པོ་ཆེར་ཡུན་རིང་པོར་ཞལ་མཇལ་མ་བྱུང་བས་རིན་པོ་ཆེར་ཞལ་མཇལ་ན་བསམ་པ་བྱུང་། གཞན་སྐབས་དེ་དང་བསྟུན་རྒྱ་གར་གཞུང་གི་དཔོན་རིགས་འགའ་ཤས་ཤིག་དང་ཐུག་འཕྲད་ཀྱིས་བཀའ་མོལ་ཞུ་འདོད་བྱུང་། ཡིན་ན་ཡང་ཚང་མས་མཁྱེན་གསལ་ལྟར། ང་ལ་རྒྱལ་ཁབ་གསར་པ་དེའི་པཱ་སི་ཡོད་ཙང་། ཕྱི་སྐྱོད་ལག་དེབ་སེར་པོ(IC) དེ་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་ཡི་འདུག དེར་བརྟེན་པཱ་སི་གསར་པ་དེ་ཞུས་ཚར་རྗེས་ནིའུ་ཡོག་གི་རྒྱ་གར་གཞུང་ཚབ་ཁང་ལ་པཱ་སི་(IC)རྙིང་པ་དེ་རྩིས་སྤྲོད་བྱས་རྗེས་པཱ་སི་གསར་པའི་སྒང་ལ་ཐོངས་མཆན་(Visa) གནང་རོགས་ཞེས་རེ་བ་ཞུས་པར། གཞུང་ཚབ་ཀྱི་ལས་ཁུངས་ངོས་ནས་ཐག་གཅོད་བྱེད་ཐུབ་ཀྱི་མི་འདུག་པས། རྒྱ་གར་ལྡི་ལི་གཞུང་ལ་བཀའ་འདྲི་ཞུ་ཡི་ཡིན་ཞེས་བརྗོད་ནས་ད་བར་འགོར་འགྱངས་ཕྱིན་ཏེ་ཕྱི་ཟླ་ ༡༠ པའི་ནང་ཚར་མེད་པ་རེད། དེའི་རྗེས་ཕྱི་ཟླ་ ༡༡ པའི་ཟླ་མཇུག་གི་བླ་ཆེན་ཚོགས་འདུའི་ནང་ངེས་པར་དུ་བཅར་ཐུབ་པ་བྱེད་ཀྱི་ཡིན་བསམ་བྱུང་མོད། ཡིན་ན་ཡང་བླ་ཆེན་ཚོགས་འདུའི་སྐབས་རྙིང་མའི་དབུ་འཁྲིད་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་བརྟེན་ཕྱིར་འཐེན་གནང་ཡོད་པ་རེད། པཱ་སིའི་ལས་ཀ་དེ་ཡང་གསལ་པོ་ཞིག་ཆགས་མེད་པ་དང་། སོ་སོའི་གཟུགས་པོ་ཡང་ཡག་པོ་མེད་པར་བརྟེན་གནས་སྐབས་ཕྱིར་འཐེན་བྱས་ཏེ་མཚམས་ལ་ལྷོད་ལྷོད་བྱས་ནས་བསྡད་ན་བསམ་བྱུང་། པཱ་སིའི་གནད་དོན་ལ་བྲེལ་བ་མ་བྱས་པར་རྗེས་སུ་ནན་ཏན་ངང་བྱེད་ན་ཡག་པོ་འདུག་བསམ་ནས་ད་ལྟ་བར་ཕར་བཅར་ཐུབ་མ་སོང་། ཡིན་ན་ཡང་ང་ཚོས་མུ་མཐུད་རྒྱ་གར་གཞུང་ལ་འབྲེལ་བ་ཞུས་བསྡད་ཡོད་སྟབས། གང་མགྱོགས་རྒྱ་གར་ལ་ཡོང་ཐུབ་རྒྱུ་དང་རྣམ་པ་ལྷན་རྒྱས་ཞལ་མཇལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༢༣

Leave a Reply