རྒྱ་གར་གྱི་བློན་ཆེན་ཟུར་པ་ཞིག་སྐུ་གྲོངས་པར་ཐུགས་གསོ་མཛད།

ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་སྐུ་གྲོངས་ཡོད་འདུགདེ་རིང་སྔ་དྲོར་བོད་ཀྱི་གྲོགས་པོ་རྒྱ་གར་གྱི་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་ (George Fernandes) མཆོག་ཡུན་རིང་ནད་མནར་གྱི་རྐྱེན་པས་དགུང་ལོ་ ༨༨ སྟེང་སྐུ་གྲོངས་ཡོད་པ་དང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧྥར་ནན་ཌེ་སི་མཆོག་གི་སྐུ་ཟླ་ལེ་ལཱ་ཀཱ་བྷིར་ (Leila Kabir) ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ། བོད་ཀྱི་གྲོགས་པོ་རླབས་ཆེན་ཞིག་སྐུ་གྲོངས་བར་བློ་ཕམ་བྱུང་ཞེས་གསུངས་འདུག་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་ཐུགས་གསོ་གནང་བ་དང་འབྲེལ། བློན་ཆེན་ཁོང་ནི་རྒྱ་གར་གྱི་དགྲ་དང་པོ་དེ་རྒྱ་ནག་རེད་ཅེས་གསུང་མཁན་བློན་ཆེན་ཐོག་མ་དེ་ཡིན་ལ། ད་ལྟ་ཁོང་གི་གསུངས་པ་དེ་དངོས་སུ་ར་འཕྲོད་ཀྱི་ཡོད་སྐོར་གསུངས་འདུག་ལ། སང་ཉིན་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབས་ཏེ་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་ཡིན་འདུག

ཐུགས་གསོའི་གསུང་འཕྲིན་ནང་༧གོང་ས་མཆོག་གིས། ངོས་ཀྱི་གྲོགས་པོ་ཇོར་རྗི་ཧྥར་ནན་ཌེ་སི་ལགས་ཡུན་རིང་ནད་ཀྱིས་མནར་ཏེ། དེ་རིང་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་པས་ཧ་ཅང་བློ་ཕམ་བྱུང་། རླབས་ཆེན་གྱི་སྐྱེས་བུ་ཞིག་འདས་གྲོངས་སུ་ཕྱིན་པར་ངོས་ཀྱིས་ཁྱེད་དང་ཁྱེད་གྱི་ནང་མི་རྣམས་ལ་ཐུགས་གསོ་ཞུ་ཡི་ཡོད། ངོས་རང་ཁོང་དང་འབྲེལ་འདྲིས་བྱུང་ནས་མི་ལོ་བཅུ་ཕྲག་ལྔ་ཙམ་འགོར་བའི་རིང་ཁོང་དང་རྟག་པར་ཐུག་པ་ཡིན་ལ། ཁོང་གིས་ཆབ་སྲིད་ཀྱི་ཕྱག་ལས་ནས་དགོངས་པ་ཞུས་རྗེས་ཀྱང་མུ་མཐུད་ཐུག་འཕྲད་བྱས་པ་ཡིན། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ངོས་ཀྱིས་ཁོང་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཁོང་གིས་དཀའ་ཁག་ཅན་གྱི་གནད་དོན་གང་འདྲ་ཞིག་དང་འཕྲད་པ་ཡིན་ནའང་། རང་ཉིད་ཀྱིས་ངེས་ཤེས་རྙེད་པའི་དོན་དག་རྣམས་ལྷག་བསམ་རྣམ་དག་གིས་བསྒྲུབས་ཡོད་པ་དང་། ཁོང་ནི་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་དྲང་བདེན་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་རེད། མི་ཚེ་གང་བོར་ཁོང་ནི་རྒྱལ་ཁབ་ཀྱི་ཉམ་ཐག་དང་རོགས་རམ་མཁོ་ངེས་ཅན་ས་ཡ་མང་པོའི་མགྲིན་ཚབ་པ་ཞིག་དང་། དཔའ་མཛངས་ལྡན་པའི་དབུ་འཁྲིད་ཅིག་རེད། ཅེས་གསུངས་འདུགབོད་དོན་ཐོག་རྒྱབ་སྐྱོར་འགྱུར་བ་མེད་པ་གནང་ཡོད་པའི་སྐོར་ལ་གསུང་འཕྲིན་ནང་། ཁོང་ནི་འགྱུར་མེད་ཀྱི་གྲོགས་པོ་ཞིག་ཡིན་ལ། ཐོག་མའི་དུས་ནས་བོད་དོན་ཐད་སེམས་ཚབ་ཅན་དང་། བོད་མིའི་བདེ་སྡུག་དང་དེ་མཚུངས་ཀྱི་གནད་དོན་གླེང་སློང་བྱེད་པར་གོ་སྐབས་ཕྲ་མོ་ཙམ་ཡང་ཤོར་དུ་བཅུག་མེད་པ་རེད། ཁོང་དང་ངོས་གཉིས་ཆོགས་ལུགས་ཁ་ཁ་ཡིན་ནའང་། ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས་ཁོང་སླར་ཡང་མི་ལུས་བླངས་ཏེ་ཁོང་གི་རྒྱལ་ཁབ་ཀྱི་མི་མང་ཉམ་ཐག་ཚོར་ཞབས་ཞུ་སྒྲུབ་ངེས་ཡིན་པའི་ཡིད་ཆེས་ཡོད། དེ་བཞིན་ངེད་གཉིས་ཐུག་འཕྲད་སྐབས་བཤད་པ་བཞིན་ངོས་ཀྱིས་ཁྱེད་རང་ནམ་ཡང་སེམས་ནས་དྲན་ངེས་ཡིན། ཞེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གནང་བའི་ཐུགས་གསོའི་གསུང་འཕྲིན་ནང་། ཕྲན་རང་ཉིད་ཕྱི་ལོ་ ༡༩༨༨ ནས་ ༡༩༩༤ བར་ལྡི་ལི་མཐོ་སློབ་ཏུ་འགྲིམ་སྐབས། རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་དང་ལྷན་ཐེངས་ཁ་ཤས་ཐུག་འཕྲད་བྱ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། སྐབས་དེ་དུས་ནས་བཟུང་དམ་པ་དེ་ཉིད་ཀྱིས་རྒྱ་གར་གཞུང་གི་ལས་བྱེད་ཡིན་པའི་སྐབས་དང་ཕྱིས་སུ་བགྲེས་ཡོལ་ཞུས་ཟིན་པའི་སྐབས་བོད་དོན་ཐོག་རྒྱབ་སྐྱོར་དང་གླེང་སློང་ཤུགས་ཆེ་གནང་ཡོད། དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་བ་ནི། བོད་མི་ཚོར་མཚོན་ན་བོད་ཀྱི་རླབས་ཆེན་གྱི་གྲོགས་པོ་ཞིག་མེད་པར་གྱུར་བ་རེད། དམ་པ་དེ་ཉིད་ཀྱིས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གནང་བཞིན་པའི་སྐབས་རྒྱ་གར་གྱི་དགྲ་བོ་ཨང་དང་པོ་ནི། རྒྱ་ནག་རེད། ཅེས་གསུང་པ་དེ་ནི་རྒྱ་གར་གཞུང་གི་བློན་ཆེན་ཞིག་གིས་གསུངས་པ་ཆེས་ཐོག་མ་ཆགས་ཡོད་པ་མ་ཟད་ཁོང་གིས་དེ་ལྟར་གསུང་པ་དེ་ད་ཆ་དངོས་བདེན་ཡིན་པ་རྒྱ་གར་ཡུལ་མི་ཚོས་ར་འཕྲོད་ཐུབ་བཞིན་ཡོད། ཅེས་གསུངས་འདུག

གཞན་ཡང་། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་ཁོང་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་ཐུགས་གསོའི་གསུང་འཕྲིན་ཞིག་སྤེལ་བའི་ནང་། ང་ཚོས་སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་ལགས་ཀྱི་སྐོར་ལ་བསམ་བློ་ཞིག་གཏོང་སྐབས། ཁོང་ནི་དྲང་བདེན་ལ་འཐབ་རྩོད་བྱེད་མཁན་གྱི་ཚོང་དོན་སྐྱིད་སྡུག་གི་མགོ་འཁྲིད་ཅིག་དང་། ཁ་བཤད་ལ་མཁས་པའི་ཆབ་སྲིད་པ་ཚོ་ཉམ་ཆུང་དུ་གཏོང་པའི་མགོ་འཁྲིད་ཅིག དེ་བཞིན་ཕུགས་བསམ་ལྡན་པའི་མེ་འཁོར་ལྕགས་ལམ་བློན་ཆེན་ཞིག་དང་། རྒྱ་གར་རྒྱལ་ཁབ་འདི་སྟོབས་ཆེན་དང་བདེ་འཇགས་ལ་བསྒྱུར་མཁན་གྱི་བདེ་སྲུང་བློན་ཆེན་ཞིག་མིག་ལམ་ལ་འཆར་ཡོང་གི་རེད། ཅེས་གསུངས་ཏེ། ཁོང་གི་ནང་མི་ཚང་མར་ཐུགས་གསོ་གནང་འདུག

སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་ནས་ལོ་ངོ་བཅུ་ཕྲག་འགར་བོད་དོན་ཐོག་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༠༩ ཟླ་ ༧ པའི་ནང་སྐུ་ཞབས་ཇོར་རྗེ་ཧྤར་ནན་ཌེ་སི་མཆོག་དང་ཁོང་གི་སྐུ་ཟླ་བཅས་གནད་ཡོད་མི་སྣ་ ༤ ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་ཏེ། བོད་དོན་ཐད་གཏམ་བཤད་གནང་ཡོད་ཀྱང་ཁོང་དགུང་ལོ་བགྲེས་པ་དང་ནད་གཞིའི་རྐྱེན་གྱིས་གཏམ་བཤད་གནང་ཐུབ་ཀྱི་མེད་པས། བདེན་པ་ལ་རྒྱལ་ཁ་ཐོབ་གི་རེད་ཅེས་པའི་གླུ་དབྱངས་དེ་ཚབ་མཚོན་དུ་བཏང་ཡོད་འདུག

སྐུ་ཞབས་ཇོར་རྗི་ཧྥར་ནན་ཌེ་སི་མཆོག་ནི་ཕྱི་ལོ་ ༡༩༣༠ ཟླ་ ༦ ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་མེང་གྷ་ལོར་གྲོང་འཁྱེར་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༧ ལོར་བྷི་ཧར་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ནང་རྒྱལ་ཁ་ཆེན་པོ་ཐོབ་སྟེ། ཐེངས་དང་པོར་གྲོས་ཚོགས་འཐུས་མིར་གྱུར་ཏེ། གྲོས་ཚོགས་འོག་མའི་འཐུས་མི་སྐབས་ ༩ རིང་གནང་ཡོད་འདུག ཆབ་སྲིད་ཀྱི་ལས་ཡུན་རིང་འགྲིམ་འགྲུལ་དང་མེ་འཁོར། རྒྱལ་སྲུང་། དེ་བཞིན་ཚོང་དོན་ལས་ཁུངས་སོགས་ཀྱི་བློན་ཆེན་གནང་ཡོད་པ་རེད། ཁོང་ཐོག་མའི་ཆར་མི་མང་དྷལ་(Janata Dhal) ཞེས་པའི་སྲིད་དོན་ཚོགས་པའི་ནང་ཞུགས་ཡོད་ཀྱང་། ཕྱིས་སུ་ཚོགས་པ་དེ་རྒྱུན་གནས་མ་ཐུབ་པར་བརྟེན། ཕྱི་ལོ་ ༡༩༩༤ ལོར་ཁོང་གིས་ས་མ་ཏ་ཚོགས་པ་ (Samata Party) ཞེས་པའི་སྲིད་དོན་ཚོགས་པ་གསར་པ་ཞིག་བཙུགས་ཡོད་པ་མ་ཟད། ཕྱིས་སུ་བྷི་ཇེ་པི་ཚོགས་པར་ཟླ་སྒྲིལ་བཏང་སྟེ། སྔ་ལོར་འདས་གྲོངས་སུ་གྱུར་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨ་ཊལ་བྷེ་ཧཱ་རི་ཝཱ་ཇི་པཱ་ཡེ་ (Atal Bihari Vajpayee) མཆོག་དང་མཉམ་ལས་བྱེད་མགོ་བརྩམས་ཡོད་པ་དང་། ཇོར་རྗི་ཧྥར་ནན་ཌེ་སི་ལགས་ཀྱིས་དུས་སྐབས་གཉིས་ཀྱི་རིང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱི་འགན་འཁུར་གནང་སྟེ། རྒྱ་གར་གྱི་པོག་རན་(Pokhran) ཞེས་པའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ལས་གཞི་ལེགས་གྲུབ་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༡/༢༩

Leave a Reply

2 thoughts on “རྒྱ་གར་གྱི་བློན་ཆེན་ཟུར་པ་ཞིག་སྐུ་གྲོངས་པར་ཐུགས་གསོ་མཛད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བོད་དོན་ལ་དོ་སྣང་དང་འགན་ཁུར་ཆེ་བའི་རྒྱ་གར་གྱི་སྲིད་དོན་པ་སྐུ་ཞབས་ཇོར་ཇི་
    ཕར་ན་ཌི་མཆོག་འཆི་མའི་མངའ་ལམ་དུ་རྒྱུར་པར་བོད་མི་ཚང་མས་ཁོང་གི་ཆེད་མ་ཎི་
    ཕྲེང་འཁོར་རེ་འདོན་རོགས་གནང། ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་་་ཧྲི

  2. རྒྱ་གར་་་ དགྲ་བོ་ཨང་དང པོ་ རྒྱ་དམར་ཡིན་ན་ བོད་དེ་རྒྱའི་ཆ་ཤས་ཡིན་པ་ མུ་མཐུད་གསུང་དོན་ ? ! ང་ཚོ་བོད་ཀྱི་ནང་ཆོས་ལ་ དགྲ་བོ་ཨང་དང་པོ་དེ་་་ ཉོན་མོངས་ ? ! མི་གང་མཛའ་་བ་མི་བརྟན་པ། །དེ་དང་འགྲོགས་པ་སུ་ཞིག་ནུས། །ནམ་མཁའི་འཇའ་ཚོན་མདོག་མཛེས་ཀྱང་། །རྒྱན་དུ་རེ་བ་བླུན་པོ་འཁྲུལ།། དང་པོ་ཉིད་ནས་དགྲ་བོ་དང་། །མཛའ་བོ་ཉིད་དུ་ངེས་པ་མེད། །ཁ་ཟས་མ་བཞུ་དུག་ཏུ་འགྱུར། །དུག་ཀྱང་ཤེས་ན་སྨན་དུ་འགྱུར།། ཆོས་རྒྱལ་དགྲ་དང་འཕྲད་པ་ན། །ལྷག་པར་འཁོར་ལ་བྱམས་པ་སྐྱེས། །ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བར་འགྱུར།།