གཞུང་འབྲེལ་ཡིག་ཆ་རྫུན་མ་སྤྲད་དེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་རུ་བཅུག

མཚོ་སྔོན་ཞིང་ཆེན་བོང་སྟག་མུ་རུའི་རྩྭ་ཐང་ནས་ལོ་ངོ་བཅུ་ཕྲག་འགར་རྡོ་སོལ་སྔོག་འདོན་བྱས་ཏེ་རྒྱ་སྒོར་དུང་ཕྱུར་ ༡༠༠ ལྷག་གི་ཁེ་བཟང་བླངས་རྗེས་རྡོ་སོལ་སྔོག་པའི་གཞུང་འབྲེལ་ཆོག་མཆན་ཡིག་ཆ་དེ་རྫུན་མ་ཡིན་པ་ཤེས།རྒྱ་ནག་གི་རྡོ་སོལ་སྔོག་འདོན་གྱི་ཁེ་ལས་ཁང་ཁག་ཅིག་གིས་ལག་བརྒྱུད་ཀྱིས་མཚོ་སྔོན་ཞིང་ཆེན་བོང་སྟག་མུ་རུའི་རྩྭ་ཐང་དུ། ཉུང་མཐར་འདས་པའི་མི་ལོ་ ༤༠ ཙམ་རིང་རྡོ་སོལ་ཏུན་བྱེ་བ་ ༡ ཡས་མས་སྔོག་འདོན་བྱས་ཏེ་རྒྱ་སྒོར་དུང་ཕྱུར་ ༡༠༠ ལྷག་གི་ཁེ་བཟང་བླངས་ཡོད་པ་དང་། རྩྭ་ཆུ་འཛོམས་པའི་འབྲོག་པའི་རྩྭ་ཐང་དེར་བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་ཁྱོན་དང་མཚུངས་བའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༦ ལྷག་བསྔོགས་ཏེ་ཡུལ་དེའི་སྣོད་བཅུད་གཉིས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ཕྱི་ལོ་ ༢༠༡༦ ལོར་ཞིབ་བཤེར་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ཟེར་བ་དེས་སྤྲད་པའི་གཞུང་ཡིག་ཨང་ ༢༩༦ སྟེ། མུ་རུའི་རྡོ་སོལ་སྔོག་ཆོག་པའི་ཡིག་ཆ་དེ་ནི་རྫུན་མ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ཟླ་ ༩ པའི་ནང་ཡིག་ཆ་ཨང་ ༢༩༦ ཅེས་པའི་ཡིག་ཆ་རྫུན་མ་བཟོ་མཁན་སྐབས་དེའི་མཚོ་སྔོན་ཚོང་དོན་ཐིན་གྱི་འགན་འཛིན་ཝང་ཞི་ཧེ་ (王熙惠) ཟེར་བའི་རྒྱ་མི་དེ་འཛིན་བཟུང་བྱས་ཡོད་འདུག ཡིན་ནའང་།  གཞུང་གི་ཆོག་མཆན་སྤྲད་དེ་ཞིན་ཆིན་ཞེས་པའི་ཁེ་ལས་ཁང་དེས་མུ་མཐུད་མུ་རུའི་རྡོ་སོལ་སྔོག་འདོན་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་གནས་ཚུལ་འདིའི་སྐོར་ཁྲིམས་གླེང་དྲ་བའི་ཐོག་ཆེད་སྒྲིག་བརྙན་ཐུང་ཞིག་སྤེལ་འདུག་ལ། འདི་གའི་གསར་འགོད་པས་དྲ་བ་དེའི་གཙོ་གཉེར་བ་དང་རྒྱ་ནག་གི་ཁྲིམས་ལུགས་ཉམས་ཞིབ་པ་སྒྲོལ་མ་སྐྱབས་ལགས་སུ་འབྲེལ་བ་བྱས་ཏེ། གཞུང་ཡིག་རྫུན་མ་དེ་བེད་སྤྱད་ནས་བོང་སྟག་མུ་རུའི་རྩྭ་ཐང་དུ་གནོད་སྐྱོན་ཅི་ཙམ་ཐེབས་ཡོད་སྐོར་དྲིས་པར་ཁོང་གིས། རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གིས་ཟོག་དང་ལུག་སོགས་ཤི་ཡོད་པའི་གསར་འགྱུར་དང་ཉམས་ཞིབ་བྱས་པའི་སྐོར་མང་པོ་བྲིས་འདུག་ལ། མུ་རུའི་ཉེ་འཁོར་གྱི་འབྲོག་མི་དང་གྲྭ་པ་ཚོས་བརྗོད་ན། དེང་སྐབས་གཏེར་སྔོག་སྐབས་ས་འོག་ལ་འགད་རྫས་ལྟ་བུ་ཞིག་བཞག་སྟེ། ས་འགུལ་ནས་རྡོ་སོལ་རྣམས་ས་སྟེང་ལ་ཡར་འཕྱུར་ཡོང་གི་ཡོད་པ་དང་། ས་འགུལ་འདར་བྱུང་བ་ལ་བརྟེན་ནས་ཉེ་འཁོར་དུ་འཛུགས་སྐྲུན་བྱས་པའི་ཁང་པ་སོགས་ལ་སེར་ཁ་ཤོར་བ་དང་རྡུལ་འཚུབ་བ། ཁང་པ་གསར་པ་ཞིག་ཀྱང་ཡུན་རིང་བཀོལ་ཐུབ་ཀྱི་མེད་པ། དེ་བཞིན་ཉེ་འཁོར་གྱི་རྩྭ་ཆུ་ལ་གནོད་སྐྱོན་ཐེབས་ནས་ནོར་ལུག་འཚོ་སྐྱོང་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་བརྗོད་ཀྱི་འདུག ས་གནས་དེར་ཆུ་བོ་དང་གཙང་པོ་ ༣ གྱི་མགོ་ཁུངས་ཡོད་འདུག་ལ། དེ་ཚོ་རྨ་ཆུའི་ནང་བཞུར་གྱི་ཡོད་ཚུལ་ཞིག་ཀྱང་བཤད་ཀྱི་འདུག ཁོར་ཡུག་འབག་བཙོག་བཟོས་པ་ལ་བརྟེན་ནས་མང་ཚོགས་ཀྱི་རྒྱུ་ནོར་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པ་རེད། ས་འགུལ་བྱེད་ཀྱི་རྫས་དེ་ནི་ག་རེ་ཡིན་པ་ཡུལ་མི་ཚོས་ཤེས་ཀྱི་ཡོད་པ་མ་རེད་དེ། རྡུལ་ཕྲན་གྱི་རིགས་སུ་གྱུར་པའི་རྫས་ཤིག་ཡིན་ཀྱང་སྲིད་པ་རེད། ཅེས་བརྗོད་བྱུང་།ཁྲིམས་གླེང་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༡༩༥༩ ནས་རྒྱ་ནག་གཞུང་གིས་བོང་སྟག་མུ་རུའི་རྩྭ་ཐང་དུ་རྡོ་སོལ་བརྐོ་མགོ་བརྩམས་ཤིང་། ཕྱི་ལོ་ ༡༩༨༠ ནང་ཙམ་ནས་བརྐོ་མཚམས་བཞག་ཡོད་འདུག ཕྱི་ལོ་ ༢༠༠༡ ཡས་མས་ནས་ཧོང་ཀོང་གི་ཧྭ་ལིས་ཞེས་པའི་གཏེར་རྐོ་ཁེ་ལས་ཁང་ཞིག་གིས་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་ནས་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཐོབ་ཐང་ཡི་གེ་ཟེར་བ་ཞིག་བླངས་ཏེ། ཡི་གེ་དེ་ཞིན་ཆིན་དང་ཅིན་ཐུའུ་ཏི་ཞེས་པའི་རྡོ་སོལ་ཁེ་ལས་ཁང་གཞན་གཉིས་ལ་བཙོངས་ཡོད་འདུག ཕྱི་ལོ་ ༢༠༠༥ ཡས་མས་སུ་ཁེ་ལས་ཁང་དེ་གཉིས་བར་གཏེར་ཁ་སྔོག་འདོན་གྱི་དབང་ཆའི་ཐད་ནས་རྙོག་དྲ་བྱུང་ཡོད་སྟབས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་ཨང་ ༢༩༦ ཅེས་པ་ཞིག་བཏོན་ཏེ། ཞིན་ཆིན་ཁེ་ལས་ཁང་གཅིག་པུར་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཆོག་མཆན་སྤྲད་དེ་ལོ་ངོ་ ༡༠ ཙམ་རིང་གཏེར་ཁ་བསྔོགས་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་མཚོ་སྔོན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་མཚོ་སྔོན་ཚོང་དོན་ཐིན་གྱི་ཡིག་ཆ་ཨང་ ༢༩༦ ཅེས་པ་དེ་ཡིག་ཆ་རྫུན་མ་ཞིག་ཡིན་པ་ཐེར་འདོན་བྱས་ཏེ་ཚོང་དོན་ཐིན་གྱིས་ཡིག་ཆ་དེ་ཕྱིར་འཐེན་བྱས་ཡོད་ཀྱང་། གནས་ཚུལ་གྱི་བྱུང་རིམ་གསལ་པོར་འགྲེལ་བཤད་བྱས་མེད་པ་མ་ཟད། རྡོ་སོལ་གྱི་གཏེར་ཁ་མུ་མཐུད་དུ་བརྐོས་ཡོད་འདུག

གསར་འགོད་པས་སྒྲོལ་མ་སྐྱབས་ལགས་སུ་ཧོང་ཀོང་གི་ཧྭ་ལི་ཞེས་པའི་ཁེ་ལས་ཁང་དེས་བཙོངས་བའི་ཡིག་ཆ་དེ་དག་མ་ཡིན་མིན་དྲིས་པར་ཁོང་གིས། གཏེར་རྐོ་སྐབས་ཆ་རྐྱེན་སྣ་མང་ཞིག་འཛོམས་དགོས་ཀྱི་ཡོད་པ་དང་། ལྷག་པར་དུ་མ་དངུལ་དགོས་ཀྱི་ཡོད་པས། ཁེ་ལས་ཁང་དེས་སྐབས་དེར་དངུལ་ཁང་ནས་དངུལ་འཛིན་རྫུན་མ་དང་དངུལ་གཡར་ནས་ཡིག་ཆ་དེ་བཟོས་ཚར་རྗེས་དངུལ་ཕྱིར་བསློག་ཡོད་པས་ཁེ་ལས་ཁང་དེ་མ་གཞི་ནས་རྫུན་མ་ཞིག་ཡིན་སྐོར་བརྗོད་བྱུང་།

མུ་རུའི་ཡུལ་མི་ཚོས་ཡིག་ཆ་ཨང་ ༢༩༦ ཟེར་བ་དེ་རྫུན་མ་ཞིག་ཡིན་པ་ཤེས་རྗེས་ག་རེ་བརྗོད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ཡུལ་མིས་ཡིག་ཆ་རྫུན་མ་དེའི་སྐོར་ཕལ་ཆེར་གོ་ཡང་མེད་སྐོར་དང་། དང་ཐོག་ཅིན་ཐུའུ་ཏི་ཁེ་ལས་ཁང་གིས་མུ་རུའི་རྡོ་སོལ་བརྐོ་བའི་ཆོག་མཆན་ཡོད་མདོག་བསྟན་ཏེ་གཏེར་བརྐོས་ཡོད་ཀྱང་། ཕྱིས་སུ་མཚོ་སྔོན་ཚོང་དོན་ཐིན་གྱིས་ཆོག་མཆན་དེ་ད་ལྟའི་ཞིན་ཆིན་ཁེ་ལས་ཁང་གཅིག་པོར་སྤྲད་ཡོད་སྟབས། ཅིན་ཐུའུ་ཏི་ཁེ་ལས་ཁང་གིས་གང་སར་ཞུ་གཏུག་བྱས་ནས་ཡིག་ཆ་རྫུན་མ་ཡིན་པ་ཐེར་འདོན་བྱུང་བ་ཞིག་ཡིན་སྐོར་བརྗོད་བྱུང་།

ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཡིག་ཆ་རྫུན་མ་བཟོ་མཁན་མཚོ་སྔོན་ཚོང་དོན་ཐིན་གྱི་འགན་འཛིན་ཝང་ཞི་ཧེ་ (王熙惠)ཟེར་བ་དེར་ཐག་གཅོད་ག་རེ་བྱས་ཡོད་དྲིས་པར་ཁོང་གིས།  ཞིབ་དཔྱོད་ལས་ཁུངས་ནས་རྩད་གཅོད་བྱེད་བཞིན་ཡོད་པ་དང་ཁྲིམས་གཏུག་བྱས་ཡོད་པའི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མ་སོང་། ཡིན་ནའང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ལ་གཏུགས་ཡོད་པ་མ་ཟད། ཀན་སུའུ་ཞིང་ཆེན་སྲིད་གཞུང་ལའང་གཏུགས་ཡོད་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག གང་ལྟར་ཁོ་ད་དུང་ཁྲིམས་ཁང་ལ་བསླེབས་ཡོད་པ་མ་རེད། དེའི་སྐོར་ལ་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མ་སོང་། ཞེས་ཟེར།

མཚོ་སྔོན་ཕྱོགས་སུ་གཏེར་ཁུང་གཅིག་ལ་གཏེར་ཁ་སྔོག་འདོན་གྱི་བདག་དབང་ཡོད་མཁན་གཉིས་བྱུང་བ་སོགས་ཀྱི་རྩོད་རྙོག་བྱུང་སྐོར་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྟུད་མར་ཐོན་ཡོད་པ་ལྟར། སྒྲོལ་མ་སྐྱབས་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། འདིའི་རིགས་ཀྱི་གནས་ཚུལ་མང་པོ་ཡོད་པ་རེད། ལོ་སྔོན་མར་ཧྲན་ཞི་རུ་མུ་རུའི་གནས་ཚུལ་དང་འདྲ་བ་ཞིག་བྱུང་པ་ལ་བརྟེན་ནས་ཡུལ་དེའི་མགོ་འཁྲིད་འཛིན་བཟུང་བྱས་ཏེ་རྩད་གཅོད་བྱེད་བཞིན་པ་སོགས་ཡོད་པ་དང་། གཏེར་རྐོ་ཡི་ཐོབ་ཐང་ཡར་མར་བཙོང་ནས་དེའི་ཐོག་ནས་དངུལ་བཙལ་བཞིན་པ་འདི་ནི་ཁེ་ལས་ཁང་དང་དཔོན་རིགས་ཚོ་མཉམ་འབྲེལ་གྱི་ལས་ཀ་ཞིག་ཡིན་པ་དང་། ལྷག་པར་དུ་ཧོང་ཀོང་གི་ཁེ་ལས་ཁང་དེ་ཚོ་དང་འབྲེལ་བ་དམ་ཟབ་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གི་ཁྲིམས་ནང་ཁོར་ཡུག་དང་ཡུལ་མིར་གནོད་པའི་གཏེར་ཁ་རྐོ་བར་ཁྲིམས་སྲོལ་ག་འདྲ་ཡོད་དྲིས་པར་ཁོང་གིས། རྒྱ་ནག་གི་དམངས་ཁྲིམས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ནང་། གཏེར་ཀ་བརྐོས་ཏེ་རྩྭ་ས་དང་ཆུ་ཁུངས། མཁའ་དབུགས་དང་སྒོ་ཟོག དེ་བཞིན་ཁང་པ་སོགས་ལ་གནོད་འཚེ་བྱུང་ཚེ། ཁོར་ཡུག་ཐོབ་ཐང་ལ་གནོད་པའི་གཏུག་བཤེར་ཟེར་བ་ཞིག་ཡོད་ཀྱང་། ཁེ་ལས་ཁང་དང་དཔོན་རིགས་བར་ཁ་མཐུན་ཡིན་སྐོར་བརྗོད་བྱུང་།

གནོད་སྐྱོན་ཐེབས་པའི་ཡུལ་མི་ཚོར་ཁེ་ལས་ཁང་དེ་ཚོ་དང་ཡང་ན་འབྲེལ་ཡོད་གཞུང་ངོས་ནས་གུན་གསབ་སྤྲོད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། མུ་རུའི་འབྲོག་པ་ཚོར་གུན་གསབ་དངུལ་ཧ་ཅང་མང་པོ་སྤྲོད་ཀྱི་འདུག་ཟེར་གྱི་འདུག ལ་ལས་བཤད་ན་འབྲོག་ཁྱིམ་དེ་ཚོར་རླངས་འཁོར་ཡང་རྫིག་པོ་དེ་འདྲ་གཏོང་རྒྱུ་འདུག་ཟེར། དངུལ་མང་པོ་སྤྲད་ན་ཁོང་ཚོས་ཀྱང་ཅི་གང་བཤད་ཀྱི་མེད་འདུག ཡིན་ནའང་ཉེ་འཁོར་གྱི་འབྲོག་པའི་རྩྭ་ཆུ་སོགས་ལ་གནོད་པ་ཐེབས་ཀྱི་ཡོད་པ་དེ་ཚོའི་ལག་ཏུ་ཅི་གང་ཐོབ་ཀྱི་མེད་པ་དང་། བཤད་ཀྱང་ཁ་ཡ་བྱེད་ཀྱི་མེད་འདུག ཁོང་ཚོས་གུན་གསབ་སྐོར་ལ་བཤད་རྒྱུའི་ཐོབ་ཐང་ཡོད་མེད་ཀྱང་ཤེས་ཀྱི་མེད་པར་གྱོང་འཁུར་ནས་བསྡད་ཡོད་འདུག སྔོན་མ་ངས་དྲ་ལམ་ནས་དེའི་སྐོར་ལ་ཡར་མར་འབྲེལ་བ་བྱེད་སྐབས། གྲྭ་པ་རྒན་གཞོན་གཉིས་ཀྱིས་དེ་སྔོན་གཏེར་རྐོ་ཡི་གནས་ཚུལ་སྐོར་འོད་སྡེར་བཟོས་ནས་བཀྲམས་པར་བརྟེན། ཁོང་གཉིས་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་ལོ་གཉིས་ལ་བཅུག་སྐོར་ང་ལ་བཤད་སོང་། ཞེས་བརྗོད་བྱུང་།

ཁྲིམས་གླེང་དྲ་བའི་ཐོག་སྤེལ་བའི་དེའི་སྐོར་གྱི་ཆེད་སྒྲིག་བརྙན་ཐུང་།

 

མུ་རུ་གཏེར་ཁུལ་གྱི་འབྲེལ་ཡོད་པར་རིས།

 

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༡/༣༡

Leave a Reply

0 thoughts on “གཞུང་འབྲེལ་ཡིག་ཆ་རྫུན་མ་སྤྲད་དེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་རུ་བཅུག

  1. ཀྲུང་གོས་བོད་ཀྱི་ས་གནས་ལ་སྔོག་འདོན་འབོར་ཆེན་བྱས་ནས་བོད་མི་འཚོ་བའི་འཁོར་ཡུག་ལ་གཏོར་སྐྱོན་བཏང་། བོད་མི་དམངས་ཀྱི་འཚོ་བ་ལ་གནོད་འཚེ་ཆེན་པོ་ཟོས་ཡོད་པ་རེད་།