ཨེལ་ཧམ་ཊོ་ཧ་ཊེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་བཏོན།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བཅུ་གྲངས་ཤིག་གིས་ཚེ་བཙོན་དུ་ཡོད་པའི་ཡུ་གུར་གྱི་དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་ཨེལ་ཧམ་ཊོ་ཧ་ཊེ་ལགས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིར་མིང་འདོན་གནང་འདུགཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བཅུ་གྲངས་ཤིག་ནས་རྒྱའི་བཙོན་ཁང་དུ་ཡོད་པའི་ཡུ་གུར་གྱི་དཔལ་འབྱོར་རིག་པ་བ་དང་། སློབ་དཔོན་ཆེན་མོ་སྐུ་ཞབས་ཨེལ་ཧམ་ཊོ་ཧ་ཊེ་(Ilham Tohti)ལགས་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིའི་ཁོངས་སུ་མིང་འདོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དུས་སྐབས་འདིར་ཁོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་འདུག

གྲོས་གཞི་དེ་ཐོག་མར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལྟ་ཞིབ་ལྷན་ཁང་ནས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་ཕུལ་བ་བརྒྱུད་མོས་མཐུན་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་འདུག་ལ། འཐུས་མི་རྣམ་པས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱི་འགན་འཛིན་བྷིར་ཊི་རེ་སི་ཨན་ཌར་(Berit Reiss-Andersen)ལགས་སུ་ཞུ་ཡིག་ཅིག་ཕུལ་བའི་ནང་། ང་ཚོས་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཞི་བའི་འཐབ་རྩོད་བརྒྱུད་རྒྱ་ནག་ནང་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་པའི་སྐུ་ཞབས་ཨེལ་ཧམ་ཊོ་ཧ་ཊེ་ལགས་ལས་ལྷག་གཞན་སུའང་མཐོང་མ་སོང་། ཞེས་བརྗོད་འདུག

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མར་ཁོ་རོ་བྷིའོ་(Marco Rubio)ལགས་ཀྱིས། ད་ལྟ་རྒྱ་ནག་གཞུང་གིས་ཡུ་གུར་གཙོས་གྲངས་ཉུང་མི་རིགས་མང་པོ་ཞིག་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། སློབ་གསོ་བཅོས་སྒྱུར་ཟེར་བའི་བཀག་ཉར་ཁང་བཙུགས་ཏེ་གང་བྱུང་ཁ་ཆེ་གྲངས་ཉུང་མི་རིགས་འཛིན་བཟུང་བྱེད་བཞིན་ཡོད་སྟབས། སྐུ་ཞབས་ཨེལ་ཧམ་ཊེ་ཧ་ཊེ་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་འདོན་པའི་དུས་སྐབས་འདི་ལས་ལྷག་པ་ཞིག་མེད་ལ། ང་ཚོས་སྐུ་ཞབས་ཨེལ་ཧམ་ཊེ་ཧ་ཊེ་ལགས་ཀྱིས་ཞི་བའི་འཐབ་རྩོད་བརྒྱུད་རྒྱ་ནག་ཧན་མི་རིགས་དང་ཡུ་གུར་གྲངས་ཉུང་མི་རིགས་མཉམ་གནས་ཡོང་ཐབས་སུ་འབད་བརྩོན་གནང་བར་རྒྱབ་སྐྱོར་དང་ངོས་འཛིན་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་འདུག

སྐུ་ཞབས་ཨེལ་ཧམ་ཊེ་ཧ་ཊེ་ལགས་ནི་རྒྱ་ནག་གི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཞིག་ཡིན་པ་དང་། ཁོང་གིས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ནའང་། ཡུ་གུར་བ་དང་རྒྱ་ནག་ཧན་མི་རིགས་གཉིས་ཕན་ཚུན་མཐུན་འགྲིག་དང་ཞི་བདེ་མཉམ་གནས་དགོས་པའི་ལངས་ཕྱོགས་འཛིན་གྱི་ཡོད་འདུག ཡིན་ནའང་། རྒྱ་ནག་གཞུང་ནས་ཁོང་གིས་ཁྲིམས་འགལ་ཚོགས་པ་བཙུགས་པ་དང་དྲ་ཚིགས་གསར་བཟོ་སོགས་བྱས་ཏེ། ཡུ་གུར་གྲངས་ཉུང་མི་རིགས་མེས་རྒྱལ་ནས་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག ཕྱི་ལོ་༢༠༡༤ ཟླ་ ༩ པའི་ནང་ཤིན་ཅང་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཝུ་རུམ་ཆེས་ (Urumqi) ཁྲིམས་ཁང་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་བཅས་རྒྱལ་སྤྱིའི་རང་དབང་ཐོབ་ཐང་ཚོགས་སྡེ་ཁག་ ༨ ཐུན་མོང་གིས། སྐུ་ཞབས་ཨེལ་ཧམ་ཊེ་ཧ་ཊེ་ལགས་སུ་མར་ཊིན་ཨེ་ནལ་སི་(Martin Ennals)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་ཡོད་པ་དང་། གཟེངས་རྟགས་དེ་ཁོང་གི་བུ་མོ་རྗི་ཝོ་ཧིར་ཨེལ་ཧམ་ (Jewher Ilham)ལགས་ཀྱིས་ཚབ་བྱས་ཏེ་བླངས་ཡོད་འདུག

འདས་པའི་ལོ་ཤས་གོང་ནས་བཟུང་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་པའི་གནོད་སྐྱོན་ཐེབས་ཀྱི་ཡོད་ལུགས་བསྒྲགས་ཏེ། ཁུལ་དེར་སྔར་ལས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། འདས་ལོ་ནས་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཡུ་གུར་གཙོས་ཁ་ཆེ་བ་ས་ཡ་ ༡ ལྷག་སློབ་གསོ་སྒྱུར་བཅོས་ཁང་ཟེར་བའི་བཀག་ཉར་ཁང་དག་ཏུ་བཅུག་སྟེ། ཆོས་ལུགས་དད་མོས་དང་མི་རིགས་ཀྱི་རིག་གཞུང་གོམས་གཤིས་བཙན་གྱིས་འདོར་དུ་བཅུག་སྟེ། རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་གཏོང་གི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་ཕྱོགས་ནས་བཀག་ཉར་ཁང་དེ་དག་ནི་ལག་རྩལ་སྦྱོང་བརྡར་ཁང་ཡིན་པ་དང་། དེའི་ནང་དུ་ཡོད་པའི་སྦྱོང་བརྡར་བ་རྣམས་ཀྱིས་འཚོ་བ་སྐྱིད་པོ་དང་རང་དབང་གི་ཐོག་ནས་ལག་ཤེས་འདྲ་མིན་སྦྱོང་བཞིན་པའི་གནས་ཚུལ་དང་བརྙན་སོགས་བཀྲམས་ཡོད་པ་རེད།

ཉེ་སྔོན་རྒྱ་ནག་གཞུང་གིས་ཨ་རིས་དྲག་པོ་དང་བཙན་པོའི་སྟོབས་ཤུགས་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་ཞི་འཇམ་གྱི་ཐོག་ནས་འཇིགས་སྐུལ་བ་རྩ་མེད་བཟོ་ཡི་ཡོད་ཅེས་བརྗོད་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་གྱི་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་བཀག་སྡོམ་བཙན་གནོན་བྱས་པའི་རྐྱེན་གྱིས་དྲག་རྒོལ་གྱི་གནད་དོན་རིགས་བསྟུད་མར་བྱུང་གི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༠༡

Leave a Reply to སྤེན་པ་ Cancel Reply

One thought on “ཨེལ་ཧམ་ཊོ་ཧ་ཊེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་བཏོན།

  1. ཨེལ་ཧམ་ཊོ་ཧ་ཊེ་ནི་ཞིན་ཅང་ཡུ་གུར་རིགས་གི་དཔའ་བོ་རེད་།
    ཁོང་ནི་བོད་ཀྱི་བཀྲ་ཤིས་འོད་ཟེར་དང་བསྟན་འཛིན་བདེ་ལེགས་དང་འདྲ་བའི་དཔའ་བོ་རེད་།