རྒྱ་ནག་གི་ཐའེ་ཝན་བཙན་འཛུལ་ལམ་ལྷོང་བྱུང་མི་སྲིད།

བྷར་ཊིལ་ལིན་ཊེ་ནར། (Bertil Lintner)།
འཕྲིན་ལས་དབང་འདུས་ཀྱིས་བོད་སྒྱུར་ཞུས།

སྲིད་འཛིན་ཞི་ཅིན་ཕིན་གྱིས་རང་བཙན་ཡིན་པའི་ཐའེ་ཝན་མཚོ་གླིང་དང་དམར་ཤོག་རིང་ལུགས་འོག་གི་རྒྱ་ནག་སྐམ་ས་ཆེན་མོ་གཉིས་བསྐྱར་དུ་ “ཆིག་སྒྲིལ་” བཟོ་རྒྱུའི་འབོད་སྒྲ་བསྒྲགས་པ་དེས། ཁོའི་སྔོན་གྱི་མགོ་འཁྲིད་རྣམ་པའི་བྱས་རྗེས་རྒྱུན་འཁྱོངས་བྱེད་རྒྱུའི་དམིགས་ཡུལ་བཅངས་ཡོད་ཀྱང། མཐའ་མཇུག་དེར་ཕམ་ཉེས་ཡོང་རྒྱུའི་ཉེན་ཁ་ཡོད།འདི་ལོའི་ཕྱི་ཟླ་དང་པོའི་ཚེས་གཉིས་ཉིན་ཞི་ཅིན་ཕིན་གྱིས་ཐའེ་ཝན་མཚོ་གླིང་རྒྱ་ནག་སྐམ་ས་ཆེན་མོ་དང་ཟླ་བསྒྲིལ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད། དེ་ཡང་རྒྱ་ནག་གི་མགོ་འཁྲིད་ཅིག་གིས་ཐའེ་ཝན་མཚོ་གླིང་ནས་སྐམ་ས་ཆེན་མོ་ཆིག་སྒྲིལ་ལ་རྒྱབ་འགལ་བྱེད་ཚེ། དམག་གི་སྟོབས་ཤུགས་བཀོལ་སྤྱོད་བྱ་རྒྱུ་ཡིན་པའི་སྡིགས་ར་བསྐུལ་བ་ཐེངས་དང་པོ་མིན། འོན་ཀྱང་ཉིན་ཤས་རྗེས་ཞི་ཅིན་ཕིན་གྱིས་དམག་དཔུང་གིས་དམག་འཁྲུག་ཆེད་གྲ་སྒྲིག་བྱེད་དགོས་ཞེས་བཀའ་ཁྱབ་བཏང་ཡོད། དམག་གི་བཀའ་ཁྱབ་དེ་ནི་སྔར་རྒྱ་ནག་གིས་ཐའེ་ཝན་མཚོ་གླིང་ལ་འཇིགས་སྐུལ་བྱེད་ཚུལ་དང་མི་འདྲ་བ་ཡིན།

ཞི་ཅིན་ཕིན་ནི་དེང་རབས་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཆེས་མཐོའི་མགོ་འཁྲིད་གསུམ་པ་དེར་འགྱུར་བཞིན་ཡོད་པ་དང་། ཁོས་སྔོན་གྱི་དབང་ཆ་གཅིག་སྡུད་ཀྱི་མགོ་འཁྲིད་གཉིས་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིང་ལྟར་མེས་རྒྱལ་ཆིག་སྒྲིལ་བཟོ་རྒྱུ་དེ་བླ་ན་མེད་པའི་འགན་འཁྲི་ལྟ་བུར་བརྩི་བཞིན་ཡོད།

རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ། དྲག་པོའི་ལམ་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་ཆེ་བའི་འགོ་འཁྲིད་གཉིས་པ་ཏིང་ཞའོ་ཕིང་གིས་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་ཧོང་ཀོང་དང་། པོར་ཆུ་གྷ་སི་(Portuguese) འོག་ཡོད་པའི་ཨོ་མིན་(Macau) གཉིས་གྲོས་ཆོད་བཞིན་རྩིས་ལེན་བྱེད་པའི་འགན་འཁུར་ཆ་ཚང་བླངས་ཡོད། དེར་བརྟེན་སྲིད་འཛིན་ཞི་ཅིན་ཕིན་གྱིས་རང་གི་ཆེས་མཐོའི་མགོ་འཁྲིད་ཀྱི་ལས་ཡུན་ནང་གི་བྱ་བ་ཆེ་ཤོས་དེ། ཕྱི་ལོ་ ༡༩༤༩ ལོའི་རྒྱ་ནག་གི་ནང་འཁྲུག་སྐབས་ལོགས་སུ་གྱེས་པའི་ཐའེ་ཝན་མཚོ་གླིང་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་ཟླ་སྒྲིལ་གཏོང་རྒྱུ་དེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

ཐའེ་ཝན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་དམག་དཔུང་སྐོར་དཔེ་དེབ་བརྩམས་མྱོང་མཁན་དམག་དོན་ཆེད་མཁས་པ་ཝན་ཌིལ་མིན་ནཱིག་ (Wendell Minnick) ལགས་ཀྱིས་ “ཕྱི་ལོ་ ༢༠༡༦ ལོའི་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་པེ་ཅིང་གཞུང་གི་མཐུན་ཕྱོགས་གོ་མིན་ཏང་ཚོགས་པར་སྲིད་འཛིན་དང་། གྲོས་ཚོགས་གཉིས་ཀའི་ནང་ཕམ་ཉེས་ཆེན་པོ་བྱུང་བའི་རྗེས། སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐའེ་ཝན་བཙན་འཛུལ་བྱ་རྒྱུའི་འུར་གཏམ་ཤུགས་ཆེ་རུ་བསྒྲགས་མགོ་བརྩམས་ཡོད་པ་མ་ཟད། ཐའེ་ཝན་དང་ཞི་མོལ་བྱ་རྒྱུའམ། ཡང་ན་ཐའེ་ཝན་གྱི་མཚོ་ཁར་དྲག་པོའི་དམག་གི་དཔུང་འཇུག་བྱ་རྒྱུ་ཡིན་མིན་དེ་ཕྱི་ལོ་ ༢༠༢༠ ལོའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་ལ་བལྟས་ནས་ཐག་གཅོད་བྱ་རྒྱུ་རེད། ཅེས་བརྗོད་ཡོད་འདུགརྒྱ་ནག་དབྱེ་ཞིབ་པ་གཞན་ཁག་ཅིག་གིས། ཕྱི་ལོ་ ༢༠༢༡ ནི་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་མི་ལོ་ཧྲིལ་པོ་ ༡༠༠ འཁོར་གྱི་ཡོད་སྟབས། ཐའེ་ཝན་ལ་མཚོན་ན་ལོ་དེ་ནི་གནད་འགག་ཆེན་པོ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག་པ་དང་། བར་ལམ་ཞིག་ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་དོན་ཚོགས་པ་ནང་ཁུལ་གྱི་ཆབ་སྲིད་རྩོད་རྙོག་དང་དག་འཐེར་བརྒྱུད། རང་ཉིད་གོང་གསལ་གྱི་རྒྱལ་ཡོངས་ཀྱི་དུས་དྲན་སྐབས་སུ་ཡང་ཆབ་སྲིད་ཀྱི་གར་སྟེགས་སྟེང་དུ་གནས་རྒྱུ་ཡིན་པར་གཏན་འཁེལ་བྱས་ཡོད།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ པའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་ཐོག་ཏུ་རྩ་ཁྲིམས་ནང་གསལ་སྲིད་འཛིན་གྱི་ལས་ཡུན་ལོ་བཅུའི་ཚད་བཀག་གཏོར་ཏེ། ཞི་ཅིན་ཕིན་བསྐྱར་དུ་སྲིད་འཛིན་དུ་བསྐོ་གཞག་བྱས་ཡོད་པ་མ་ཟད། ཞི་ཅིན་ཕིན་ལ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། རྒྱ་ནག་དམག་དོན་ལྷན་ཁང་གི་ཚོགས་གཙོའི་གོ་གནས་ཀྱི་དུས་ཡུན་ལ་ཡང་ཚད་བཀག་མེད་པར་བཟོས་ཡོད་པ་དང་། ད་དུང་རྒྱ་ནག་དབུས་གཞུང་གི་ཡ་གྱལ་གཞོག་འདེགས་དམག་དོན་ལྷན་ཁང་གི་ཚོགས་གཙོ་ཡང་ཡིན་སྟབས། ཞི་ཅིན་ཕིན་ནི་རྒྱ་ནག་གི་གཙོ་གནད་ཆེ་ཤོས་ཀྱི་འགོ་འཁྲིད་གཅིག་ཏུ་གྱུར་ཟིན།
དབྱེ་ཞིབ་པ་ཚོས། ཐའེ་ཝན་མཚོ་གླིང་དེ། རང་སྐྱོང་གང་འཚམ་ཡོད་ཅིང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མིང་བྱང་འོག་གནས་པའི་ཧོང་ཀོང་དང་། ཨོ་མིན་ལྟར་རྒྱ་ནག་སྐམ་ས་ཆེན་མོའི་མངའ་འོག་ཏུ་བསྡུ་ཆེད། དྲག་པོའི་དམག་དཔུང་སྤྱད་རྒྱུའི་ཐབས་ལམ་དེ་ཞི་ཅིན་ཕིན་ལ་མཚོན་ན་གདམ་ཀ་མཐའ་མ་དེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག

འོན་ཀྱང་འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༢ ཉིན་གྱི་ཐའེ་ཝན་གྱི་སྲིད་འཛིན་ལྩམ་ཚེ་དབྱིན་ཝན་(Tsai Ing-wen)གྱི་གཏམ་བཤད་ནང་། ཐའེ་ཝན་གྱི་རྒྱ་ཆེའི་མི་མང་རྣམས་ཀྱིས་སྲིད་འཛིན་ཞིས་བཏོན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་དེར་བློ་ཐག་ཆོད་པོའི་སྒང་ནས་དགག་པ་བྱེད་ཀྱི་ཡོད་ལ། རྒྱ་ནག་གི་ཐའེ་ཝན་འཛིན་རྒྱུའི་ཐབས་བྱུས་དེར་ནམ་ཡང་ངོས་ལེན་མེད་སྐོར་བརྗོད་ཡོད།

ཉེ་ཆར་ཐའེ་ཝན་ནང་བསམ་ཚུལ་བསྡུ་རུབ་བྱས་པའི་གྲུབ་དོན་སྙན་ཐོ་ཞིག་ཐོན་པའི་ནང་། ཐའེ་ཝན་མི་མང་བརྒྱ་ཆ་ ༨༠ ཡིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་པའི་སྲིད་བྱུས་དེར་ངོས་ལེན་རྩ་བ་ནས་མེད་པ་དང་། བརྒྱ་ཆ་ ༦༡ གིས་སྲིད་འཛིན་ཚའི་དབྱིན་ཝན་གྱིས་སྲིད་འཛིན་ཞི་ལ་ལན་འདེབས་ཚ་ནན་གནང་བ་དེར་འདོད་བློ་ཁེངས་པ་དང་། ཡང་བརྒྱ་ཆ་ ༨༥ ཡིས་ལྩམ་ཚེ་དབྱིན་ཝན་གྱིས། པེ་ཅིན་གཞུང་གིས་ཐའེ་ཝན་དང་གྲོས་མོལ་གནང་འདུན་ཡོད་ཚེ་གཞུང་དང་གཞུང་གི་ངོ་བོའི་ཐོག་ནས་གྲོས་བསྡུར་གནང་དགོས་པའི་ཆ་རྐྱེན་བཏོན་པ་དེར་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་འདུགལྕམ་ཚེ་དབྱིན་ཝན་ནི་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་(Democratic Progressive Party)ནས་ཡིན་ཞིང་། ཁོ་མོའི་ཚོགས་པའི་ལངས་ཕྱོགས་ནི་ཐའེ་ཝན་མཚོ་གླིང་དེ་དམངས་གཙོའི་ལམ་ལུགས་ཅན་གྱི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལས། རྒྱ་ནག་གི་ཆ་ཤས་ཤིག་ཏུ་འདོད་ཀྱི་མེད། ཡིན་ན་ཡང་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ པའི་ས་གནས་འོས་བསྡུའི་སྐབས། ནམ་རྒྱུན་དམངས་གཙོ་ཡར་ཐོན་ཚོགས་པའི་ཆབ་སྲིད་ཀྱི་དབང་ཤུགས་བརྟན་པོ་ཡོད་པའི་ཀའོ་སུང་གཙོས་པའི་ས་གནས་ཁག་མང་པོར་འོས་ཤོག་མ་ཐོབ་པའི་རྐྱེན་གྱིས། གོ་མིན་ཏང་ཚོགས་པའི་ས་ནས་ཕམ་ཉེས་ཆེན་པོ་བྱུང་ཡོད།

རྩ་བའི་ས་གནས་ཀྱི་འོས་བསྡུའི་ནང་དེ་ལྟར་ཕམ་ཉེས་བྱུང་དགོས་དོན་གཙོ་བོ་དེ། ཐའེ་ཝན་ནང་གི་ལས་ཞུགས་གནས་སྟངས་དང་། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་གནད་སྟངས། དེ་བཞིན་བགྲེས་ཕོགས་ཀྱི་ལམ་ལུགས་བསྒྱུར་བཅོས་སོགས་ཡིན་ཡང་།  འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་མ་ཐག་རྒྱ་ནག་གཞུང་ནས་ཐའེ་ཝན་མཚོ་གླིང་གི་གྲོང་ཁྱེར་དང་རྫོང་ཁག་རྣམས་ནས་རྒྱ་ནག་སྐམ་ས་ཆེན་པོ་དང་མཉམ་ལས་གོང་མཐོར་གཏོང་དགོས་པའི་དགའ་བསུ་ཞུ་ཡི་ཡོད་སྐོར་བསྒྲགས་ཡོད།

དེ་བཞིན་འོས་བསྡུ་མཇུག་བསྒྲིལ་རྗེས་རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་མཱ་ཤའོ་ཆང་(Ma Xiaoquang) ཟེར་བ་དེས། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་དེས། ཐའེ་ཝན་གྱི་རྒྱ་ཆེའི་མི་མང་ངོས་ནས་རྒྱ་ནག་དང་ཐའེ་ཝན་བར་གྱི་ཞི་བདེའི་ངང་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་འབྲེལ་ལམ་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་མངོན་འདོད་དེ་སྟོན་གྱི་ཡོད། ཅེས་ལོག་འགྲེལ་བྱས་ཡོད།

ཐའེ་ཝན་གོ་མིན་ཏང་ཚོགས་པས་དུས་རྒྱུན་རྒྱ་ནག་ནི་རྒྱལ་ཁབ་གཅིག་དང་། ཐའེ་ཝན་ནི་ཞིང་ཆེན་ཞིག་རེད་ཅེས་བརྗོད་ཀྱི་ཡོད་ཀྱང་། ཁོ་ཚོས་འབོད་བཞིན་པའི་<རྒྱ་ནག> ནི་ཐའེ་ཝན་གྱི་གཞུང་འབྲེལ་ངོས་འཛིན་བྱེད་བཞིན་པའི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་(Republic of China, ROC)དེ་ཡིན་པ་ལས། རྒྱ་ནག་སྐམ་ས་ཆེན་མོས་འདོད་བཞིན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་(Peoples Republic of China, PRC) དེ་མིན་པ་རེད།

ཕྱོགས་གཞན་ཞིག་ནས་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ངོས་ནས། འདས་པའི་ལོ་ ༡༢༣ ནང་རྒྱ་ནག་སྐམ་ས་ཆེན་མོས་ཐའེ་ཝན་དེ་ལོ་ ༤ མ་གཏོགས་དབང་བསྒྱུར་བྱས་མྱོང་མེད་སྟབས། ཐའེ་ཝན་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་ངོ་བོ་གཞན་དུ་གྱུར་ཟིན་པར་བརྗོད་ཀྱི་ཡོད། ཐའེ་ཝན་དེ་ཕྱི་ལོ་ ༡༨༩༥ ནས ༡༩༤༥ བར་ཉི་འོང་གིས་དབང་བསྒྱུར་འོག་གནས་ཡོད་པ་དང་། ཕྱི་ལོ་ ༡༩༥༠ ལོར་མའོ་ཙེ་ཏུང་གི་དམར་ཤོག་ཚོགས་པས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ (Republic of China) དབང་བསྒྱུར་མ་བྱས་བར་དུ་ལོ་བཞི་རིང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱས་ཡོད་པ་རེད། ཡིན་ན་ཡང་། ཕྱི་ལོ་ ༡༩༥༠ ནས་བཟུང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་(Republic of China) ཅེས་པ་དེ། ད་ལྟའི་ཐའེ་ཝན་མཚོ་གླིང་དང་། རྒྱ་ནག་གི་མཚོ་མཐའི་གླིང་ཕྲན་ཆུང་ཆུང་དང་། ལྷོ་ཕྱོགས་སུ་ཡོད་པའི་གླིང་ཕྲན་འགའ་བཅས་ནང་མ་གཏོགས་མེད་པ་རེད།ཉེ་ཆར་གྱི་ས་གནས་འོས་བསྡུའི་ཁྲོད་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བ་དེས། རྒྱ་ནག་གིས་ཕྱི་ལོ་ ༢༠༢༠ ལོར། ཐའེ་ཝན་གྱིས་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་གསར་པ་འོས་འདེམས་བྱ་རྒྱུའི་གོ་སྐབས་དང་བསྟུན། ཐའེ་ཝན་མཚོ་གླིང་དང་འབྲེལ་ལམ་ཇེ་ཡག་ཏུ་གཏང་སྟེ་གྲོས་མོལ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

དབྱེ་ཞིབ་པ་མིན་ནཱིག་ (Minnick) གིས་མུ་མཐུད་བརྗོད་པར་གཞིགས་ན། ཐའེ་ཝན་གྱི་སྲིད་འཛིན་གྱི་གོ་གནས་དེ་གྷོ་མིན་ཏང་ངམ་སྲིད་དོན་ཚོགས་པ་གསུམ་པའི་འཐུས་མི་ཞིག་ལ་བསྐྱར་ལོག་བྱུང་ཚེ། རྒྱ་ནག་གཞུང་ལ་ཐའེ་ཝན་མཚོ་གླིང་དུ་བཙན་འཛུལ་བྱེད་རྒྱུའི་ཚབ་ལ་བསྐྱར་དུ་གྲོས་མོལ་བྱེད་པའི་ཐབས་ལམ་སྤྲོད་སྲིད། ཅེས་བརྗོད་ཡོད་པ་རེད།

ཡིན་ན་ཡང་། རྒྱ་ནག་གཅིག་གི་ལྟ་ཕྱོགས་འཛིན་མཁན་གྱི་གོ་མིན་ཏང་ཚོགས་པའི་ངོས་ནས་ཀྱང་འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༣ ཉིན་སྤེལ་བའི་བསྒྲགས་གཏམ་ནང་། དམངས་གཙོའི་ལམ་ལུགས་གྱི་སྲིད་དབང་སྒྱུར་བཞིན་པའི་ཐའེ་ཝན་མཚོ་གླིང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེར་རྒྱབ་སྐྱོར་བྱེད་མཁན་མང་པོ་མེད་པས། སྲིད་བྱུས་དེར་ངོས་ལེན་བྱ་ཐབས་མེད་སྐོར་བསྒྲགས་ཡོད་པ་རེད།

ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཐའེ་རྒྱ་གཉིས་ཀའི་བདག་དབང་ཡོད་པར་བརྟེན། ལྷོ་རྒྱ་ནག་རྒྱ་མཚོ་དེ་ཕྱོགས་གཉིས་བར་གྱི་འགལ་ཟླའི་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། གནས་ཚུལ་དབྱེ་ཞིབ་པ་ཁག་གིས་བརྗོད་པར་གཞིགས་ན། རྒྱ་ནག་གཞུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་གི་ལྟེ་གནས་འཛུགས་བསྐྲུན་སོགས་བྱེད་དགོས་དོན་གཙོ་བོ་དེ། མཚོ་ཐོག་ཚོང་ཟོག་སྐྱེལ་འདྲེན་ལ་སྟངས་འཛིན་དང་དོ་དམ་ནན་པོ་བྱེད་ཆེད་ཡིན་པར་བརྗོད་ཀྱི་ཡོད་ཀྱང་། དབྱེ་ཞིབ་པ་དག་གིས་དེའི་རྒྱུ་མཚན་གཞན་ཞིག་ནི་ཐའེ་ཝན་མཚོ་གླིང་དང་ཐད་ཀར་འབྲེལ་བ་ཆགས་བསྡད་ཡོད་པར་བརྗོད་ཀྱི་ཡོད།

ཡུ་རོབ་ནས་ཡིན་ཞིང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དབྱེ་ཞིབ་བྱེད་བཞིན་པའི་རང་མིང་བརྗོད་འདོད་མེད་པའི་རྒྱ་ནག་སྐོར་གྱི་ཆེད་མཁས་པ་ཞིག་གིས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་གི་ལྟེ་གནས་སོགས་འཛུགས་བསྐྲུན་བྱེད་དགོས་དོན་ནི། མ་འོངས་པར་ཐའེ་ཝན་ལ་བཙན་འཛུལ་བྱེད་དགོས་ཚེ་ད་ལྟ་ནས་ཁུལ་དེ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པས་ཡིན། ཅེས་བརྗོད་ཡོད།

ཕྱི་ལོ་ ༡༩༧༩ ལོར་ཨ་མེ་རི་ཁས་ཐའེ་ཝན་གྱིས་བརྗོད་བཞིན་པའི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ (Republic of China) ཞེས་པ་རྩིས་མེད་བཏང་སྟེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ (People’s Republic of China) ཅེས་པར་ངོས་འཛིན་བྱས་པའི་རྗེས། ཝ་ཤིང་ཀྲོན་གྱིས་ཐའེ་ཝན་དང་ཨ་རི་གཉིས་དབར་ཕྱི་སྲིད་ཀྱི་འབྲེལ་བ་བཅད་དེ། ཐའེ་ཝན་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཁྲིམས་འཆར་ (Taiwan Relations Act) ཞེས་པ་དེ་གཏན་འབེབས་བྱས་ཡོད་པ་རེད།

ཐའེ་ཝན་དང་འབྲེལ་ལམ་གྱི་ཁྲིམས་འཆར་དེའི་ནང་། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་མཚོ་གླིང་ལ་དྲག་པོའི་བཙན་འཛུལ་ལམ་དམག་དཔུང་དྲང་ཚེ། ཨ་མེ་རི་ཀས་དམག་ཤུགས་སྤྱད་དེ་ཐའེ་རྒྱའི་བར་ལ་དངོས་སུ་ཐེ་བྱུས་བྱེད་རྒྱུའི་འགན་ལེན་བྱས་མེད་ཀྱང་། གལ་ཏེ་གནས་སྟངས་དེས་ནུབ་ཞི་བདེ་རྒྱ་མཚོ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གནོད་སྐྱོན་ནམ། ཡང་ན་ཨ་མེ་རི་ཁར་ཉེན་ཚབས་སྤྲད་ཚེ། ཨ་མེ་རི་ཁའི་ངོས་ནས་ཞི་བདེའི་ཐབས་ལམ་བརྒྱུད་ནས་ཐའེ་ཝན་མཚོ་གླིང་གི་མ་འོངས་པའི་གནས་སྟངས་ལ་དོ་འཁུར་བྱ་རྒྱུའི་འབད་བརྩོན་གང་ཡོད་བྱ་རྒྱུ་ཡིན་པར་བཀོད་ཡོད།དེ་བཞིན་གྲོས་འཆར་དེའི་ནང་། ཨ་མེ་རི་ཁའི་ངོས་ནས་ཅི་སྟེ་རྒྱ་ནག་གིས་ཐའེ་ཝན་མཚོ་གླིང་ཐོག་བཙན་པོ་དབང་ཡོད་བཤད་པའམ། དྲག་པོའི་དམག་དཔུང་དྲང་ཏེ། ཐའེ་ཝན་མི་མང་གི་བདེ་སྡུག་དང་། དཔལ་འབྱོར། སྤྱི་ཚོགས། བདེ་སྲུང་བཅས་ལ་ཉེན་ཚབས་བཟོས་ཚེ། ཐའེ་ཝན་གྱིས་རང་སྲུང་འགོག་རྒོལ་བྱ་ཐུབ་ཕྱིར་གོ་མཚོན་ལག་ཆ་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག་ཡོད་འདུག

ཐའེ་ཝན་གྱི་རང་སྲུང་འགོག་རྒོལ་གྱི་ནུས་པ་གོང་མཐོར་གཏོང་སླད། འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་མེ་རི་ཁས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༣༠ ཡི་གོ་མཚོན་བཙོང་རྒྱུའི་གྲོས་ཆོད་བཞག་ཡོད་པ་དང་། གྲོས་ཆོད་དེའི་ནང་ཐའེ་ཝན་གྱི་མཁའ་དམག་གནམ་གྲུ་ F-5 དང་ C-130s དེ་བཞིན་ F-16s གཙོས་གཞན་གོ་ལག་ཁག་གཅིག་ཚུད་ཡོད།

གལ་ཏེ་རྒྱ་ནག་སྐམ་ས་ཆེན་མོས་ཐའེ་ཝན་མཚོ་གླིང་ཐོག་ལ་བཙན་འཛུལ་གྱི་དམག་དཔུང་དྲང་ཚེ། ཐའེ་ཝན་ཕྱོགས་ནས་ཇི་ཙམ་ཁ་གཏད་གཅོག་ཐུབ་མིན་དེ་དྲི་བ་སྤྱིར་བཏང་བ་ཞིག་ཡིན་ཡང་། གལ་གནད་ཅན་ཞིག་ཡིན། དེ་བས་ཐའེ་ཝན་ལ་ནུས་པ་ཆེ་བའི་དེང་རབས་ཀྱི་གོ་མཚོན་ལག་ཆ་དང་། ཨ་མེ་རི་ཁའི་ས་ནས་ཉོས་པའི་གོ་མཚོན་སྤུས་ལེགས་ཅན་དེ་འདྲ་ཡོད་སྟབས། རྒྱ་ནག་ངོས་ནས་ཐའེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དེ་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན།

ལྷག་པར་དུ། རང་གི་རྒྱལ་སྲུང་གི་འགྲོ་གྲོན་ཉུང་དུ་གཏོང་ཆེད། ཐའེ་ཝན་གྱིས་རང་གི་རྒྱལ་སྲུང་གོ་མཚོན་གསར་པ་འཛུགས་བསྐྲུན་དང་ཡར་རྒྱས་བཏང་སྟེ། རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་བཞིན་ཡོད། མིན་ནཱིག་ (Minnick) གིས་དེ་དང་འབྲེལ་ནས་ངས་མི་ལོ་ཉི་ཤུའི་རིང་ཐའེ་ཝན་གྱི་དམག་དཔུང་ཐོག་རྒྱུས་ལོན་བྱས་པར་གཞིགས་ན། ཁོང་ཚོ་རྒྱལ་སྤྱིའི་ཁྲོམ་རའི་ནང་དེ་ལྟ་བུའི་ཤུགས་རྒྱ་གི་ཡོད་པ་ད་བར་མཐོང་མྱོང་མེད་ཅེས་བརྗོད་འདུག

འདས་པའི་ལོ་ཤས་ནང་། དམག་འཐབ་ལ་མཁོ་བའི་སྒྲ་རླབས་ཐོས་རྩལ་དང་། མེ་ཤུགས་འཕུར་མདེལ། ཚོར་ཆས་བཅས་བཟོ་བསྐྲུན་བྱེད་མཁན་གྱི་ཐའེ་ཝན་གྱི་ཁྲུང་ཤན་ཚན་རྩལ་ལྟེ་གནས་ཁང་(Taiwans National Chungshan Institute of Science and Technology) གིས་ཨེ་ཤི་ཡ་དང་། ཡུ་རོབ། དཀྱིལ་ཤར་ཨེ་ཤི་ཡ་ཁུལ་གྱི་རྒྱལ་སྲུང་གོ་མཚོན་བཤམ་སྟོན་ཁག་ལ་གོ་མཚོན་འགྲེམས་སྟོན་བྱེད་མུས་རེད།

དམག་བྱུས་དབྱེ་ཞིབ་པ་དག་གིས། པེ་ཅིན་གྱིས་དྲག་པོའི་དམག་གི་འཇིགས་རྔམ་སྟོན་བཞིན་པའི་སྐབས་འདིར། ཐའེ་ཝན་ངོས་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་གཞི་རྒྱ་ཆེ་བའི་རྒྱལ་སྲུང་གི་ཐབས་བྱུས་འདོན་བཞིན་ཡོད་པར་བརྗོད་ཀྱི་ཡོད།

འདས་པའི་དུས་ལ་རྒྱ་ནག་སྐམ་ས་ཆེན་མོ་དང་དམག་འཐབ་དྲག་པོའི་གདོང་གཏུགས་བྱས་མྱོང་སའི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་(ཐའེ་ཝན)་ཀྱི་མངའ་ཁོངས་སུ་བརྩིས་པའི་ཕུ་ཅེན་(Fujian) ཞིང་ཆེན་གྱི་ཀིན་མན་(Kinmen)དང་མཱ་ཚུ་(Matsu)གླིང་ཕྲན་དེ། དེ་སྔ་ཐའེ་ཝན་གྱི་ཚད་མཐོའི་རྒྱལ་སྲུང་ལྟེ་གནས་ཀྱི་<འཐབ་ཕྱོགས་གླིང་ཕྲན་>ཡིན་ཡང་། དུས་ད་ལྟ་དམག་གི་ལྟེ་གནས་ཞིག་མིན།

དེང་སྐབས་མཚོ་གླིང་དེ་དག་ནང་ཐའེ་ཝན་གྱི་དམག་དཔུང་ཁག་ཅིག་འགྲེམ་འཇོག་བྱས་ཡོད་ཀྱང་། དེ་དག་ནི་གཙོ་བོ་རྒྱ་ནག་སྐམ་ས་ཆེན་མོའི་ཉ་པ་དང་། དེ་བཞིན་ཁྲིམས་འགལ་གྱི་གནས་སྤོར་བ་རྣམས་འགོག་སྲུང་ཁོ་ནའི་ཆེད་ཡིན། ད་དུང་ཐའེ་ཝན་གྱིས་རྒྱལ་སྲུང་གི་ཆེད་དུ་རྒྱ་ནག་ལ་དམིགས་ཏེ། མཚོ་གླིང་དེ་དག་ནང་དོགས་ཟོན་ལྟ་ཞིབ་ཀྱི་འཕྲུལ་རིག་སོགས་བཙུགས་ཡོད།

དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་ཐའེ་ཕིན་གླིང་ཕྲན་(Taiping Island) དང་། བྱང་ཕྱོགས་སུ་ཡོད་པའི་ཏོང་སཱ་(Dongsha) གླིང་ཕྲན་རྣམས་ཐའེ་ཝན་གྱི་མངའ་ཁོངས་སུ་ཡོད་ཀྱང་། དེ་དག་ནང་མཚོ་མཐའི་སྐོར་སྲུང་དམག་མི་མ་གཏོགས་འགྲེམ་འཇོགས་བྱས་མེད།

དེར་བརྟེན་རྒྱ་ནག་ལ་མཚོན་ན། ཐའེ་ཝན་མཚོ་གླིང་གཙོ་བོར་དེར་བཙན་འཛུལ་མ་བྱེད་གོང་། རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་བར་གྱི་ཧྥེང་ཧུ་གླིང་ཕྲན་དག་(Penghu Islands) དང་། མཱ་ཚུ་གླིང་ཕྲན་གྱི་བྱང་རྒྱུད་དུ་ཆགས་པའི་ཏོང་ཡེན་གླིང་ཕྲན་(Dongyin Island) དག་ལ་ཞེད་སྣང་སྐྱེས་དགོས་པའི་གནས་སྟངས་ལ་གྱར་ཡོད།

གང་ཡིན་ཟེར་ན། ཐའེ་ཝན་གྱིས་རྒྱ་ནག་སྐམ་ས་ཆེན་མོའི་ལྷོ་རྒྱུད་མཚོ་ཁའི་ཧྥུ་ཅན་ཞིང་ཆེན་དང་དང་རྒྱང་ཐག་སྤྱི་ལེ་ ༤༥ ཙམ་ལ་ཡོད་པའི་ཏོང་ཡེན་གླིང་ཕྲན་དུ། ཐག་རིང་སྙོབ་ཐུབ་པའི་ས་ཐོག་མེ་མདེལ་འགྲེམས་འཇོག་བྱས་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༩ པའི་ནང་། ཐའེ་ཝན་མཚོ་དམག་རུ་ཁག་གིས་གཞུང་ལ་རྒྱ་ནག་གིས་བཙན་འཛུལ་ལ་འགོག་རྒོལ་དང་གླིང་ཕྲན་དག་སྲུང་སྐྱོབ་བྱེད་ཆེད། དགྲ་བོའི་གྲུ་ཐོག་མེ་སྒྱོགས་འགོག་ཅིང་རྒོལ་ཚད་མྱུར་བའི་གྲུ་གཟིངས་ཁག་ཅིག་དགོས་སྐོར་གྱི་རེ་ཞུ་ཕུལ་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

དམག་དོན་ཆེད་མཁས་པ་མིན་ནཱིག་ (Minnick) གིས་བརྗོད་ཚུལ་ལྟར་ན། གློག་ཀླད་དང་། སྟབས་བདེ་ཟ་མ། དེ་བཞིན་བདག་དབང་དང་གཞི་རིམ་ཐོབ་ཐང་གྱི་བསམ་བློའི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བའི་ད་ལྟའི་ཐའེ་ཝན་གྱི་མི་རབས་གསར་པ་ཚོས། རྒྱལ་ཁབ་ཀྱི་མ་དངུལ་རྣམས་དམག་གི་གོ་མཚོན་དང་འཕྲུལ་རིག་ཡར་རྒྱས་ཆེད་བཀོལ་བ་དེ་ཆུད་ཟོས་ཡིན་པས། གཞུང་དངུལ་རྣམས་ཤེས་ཡོན་སོགས་ཀྱི་ཐོག་ལ་སྤྱད་ན་བཟང་ཚུལ་གྱི་ལྟ་ཕྱོགས་བཟུང་བ་དེས། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་མཐོང་ཚུལ་ལ་ཡང་ཐའེ་ཝན་གྱི་རྒྱལ་སྲུང་སྟོབས་ཤུགས་སྐྱོ་རུ་ཕྱིན་པ་དང་། ཐའེ་ཝན་དེ་དཀའ་ཚེགས་མེད་པར་མགྱོགས་པོ་བཙན་འཛུལ་བྱེད་ཐུབ་པར་མཐོང་གི་ཡོད།དེ་བཞིན་ཐའེ་ཝན་གྱི་གནས་ཚུལ་ཡོང་ཁུངས་དག་ལ་གཞིར་བཞག་ན། ཐའེ་ཝན་གྱི་མཐོ་རིམ་མགོ་འཁྲིད་རྣམས་ཀྱིས། མ་འོངས་པར་སྲིད་འཛིན་ཌོ་ནལ་ཊམ་(Donald Trump) འཛིན་སྐྱོང་ངོས་ནས་ཨ་རྒྱ་གཉིས་བར་ཚོང་དོན་གྲོས་ཡིག་བཞག་སྟེ། སྔར་གྱི་ཐའེ་ཝན་གྱི་དམངས་གཙོ་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་དེ་བློས་གཏོང་བྱེད་མི་ཡོང་ངམ་སྙམ་པའི་འཇིགས་སྣང་བྱེད་ཀྱི་ཡོད་འདུག

ཡང་ཕྱོགས་གཞན་ཞིག་ནས་བརྗོད་ཚེ། ཊམ་འཛིན་སྐྱོང་གིས་ཐའེ་ཝན་ལ་གོ་མཚོན་བཙོང་བའི་ཐོ་ཕན་ཚུན་བར་གཞུང་འབྲེལ་གནད་དོན་བརྗེ་རེས་ཡོང་རྒྱུར་སྐུལ་འདེད་བྱས་ཡོད་པ་མ་ཟད། ཉེ་ཆར་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་དང་ཨ་རིས་རྒྱ་ནག་ཐོག་དྲག་པོའི་སྲིད་བྱུས་བཟུང་དགོས་པའི་ལྟ་བ་འཛིན་མཁན་སྐུ་ཞབས་ཇཱོན་བྷོལ་ཊོན་(John Bolton) ཨ་རིའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པར་བསྐོ་གཞག་བྱས་ཡོད།

གང་ལྟར་ཕྱོགས་གང་ནས་བལྟ་ན་ཡང་། ཐའེ་ཝན་གྱི་དེང་རབས་གོ་མཚོན་ལྡན་པའི་དམག་དཔུང་དེ་རྒྱའི་དྲག་རྒོལ་ལ་གྲ་སྒྲིག་ཡོད་པས། གལ་ཏེ་ཐའེ་རྒྱའི་དམག་འཁྲུག་ནང་རྒྱ་ནག་ལ་ལམ་ལྷོང་མ་བྱུང་ཚེ། སྲིད་འཛིན་ཞི་ཅིན་ཕིན་ནི། ལོ་རྒྱུས་ཐོག་ནས་རྒྱ་ནག་ཆིག་སྒྲིག་གི་མཐའ་མའི་རྨི་ལམ་སྒྲུབ་མཁན་གྱི་མགོ་འཁྲིད་ཅེས་པའི་མཚན་མཐོང་ལ་གནོད་ཚབས་ཆེན་པོ་ཐེབས་ངེས་ཡིན། ཡིན་ན་ཡང་ཞི་ཅིན་ཕིན་གྱི་རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་གནོན་ཤུགས་ལ་བརྟེན་ནས། དམག་འཁྲུག་ཕམ་ཉེས་འབྱུང་སྲིད་པའི་མཇུག་འབྲས་ལ་མ་ལྟོས་པར་བྱས་རྗེས་འཇོག་པར་འབད་བརྩོན་བྱེད་སྲིད་པ་རེད།

མ་རྩོམ་འབྲེལ་ཐག  http://www.atimes.com/article/why-a-china-invasion-of-taiwan-would-fail/

བསྐྱར་བཅོས།: ༢༠༡༩/༠༢/༠༤

Leave a Reply

One thought on “རྒྱ་ནག་གི་ཐའེ་ཝན་བཙན་འཛུལ་ལམ་ལྷོང་བྱུང་མི་སྲིད།

  1. མའོ་ཡི་ བོད་དེ་ཧམ་པའི་བཙན་འོག་ཏུ་བཅུག དེའི་སྐབ་བོད་ལ་ འུར་རྡོ་དང་ རྒྱག་པ་ གྲི་ མགཏོགས་ དེང་དུས་ཀྱི་གོ་ལག་མེད། རྒྱ་ནག་ལ་་་ ཨུ་རུ་སུའི་བཀའ་དྲིན་ལ་ དེང་དུས་ཀྱི་གོ་ལག་གི་ཐོག་ནས་ བོད་དེ་དབང་འགྱུར་བྱེད་ཐུབ་པ་བྱུང་ཡོད། ཡིན་ནས་ལས་་་ མའོ་ཡི་་་ མཐའ་མཇུག་དེ་ བོད་ ཐོབ་མེད་ ཤོར་བ་རེད། སྡུག་སྐད་ཤོར། འདི་ནི་་་ གཙོ་བོ་༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་དང་། བོད་མི་སེམས་ཤུག་ལ་རྟེན་ནས་ རྒྱ་དམར་གྱིས་ བོད་ ཁོག་པའི་ནང་མ་བཞུ་ནས་ ད་ ག་དུས་སྐྱུག་ཡོང་སེམས་ཁྲལ་གང་ལ་སྡད་ཡོད། ཧོང་ཀོང་དང་ མ་ཀའུ་གཉིས་ སྔ་མོ་ཆིངས་ཡིག་གང་ལ་ དབང་དུ་འདུས་པ་རེད། ཁོང་ཚོ་ལ་དམག་དཔུང་དང་གོ་ལག་གང་ཡང་མེད། ཚང་མ་ ཨིན་ཇི་དང་ པོ་ཇུ་གཱལ་གྱིས་ ཐེ་གཏོགས་བྱེད་པ་རེད། ཡིན་ནས་ ཧོང་ཀོང་དང་ མ་ཀའུ་གཉིས་ མ་དོད་བཞིན་དུ་ སེམས་པ་སྐྱོ་བོའི་ངང་ རྒྱ་དམར་འོག་ཚུད་པ་རེད། ད་ ཐཡི་ཝཱན་ལ་་་་་ རྣམ་པ་ཚོ་བསམ་ཚུལ་དོན་ ? ! ! !