བོད་ཡིག་ཟབ་སྦྱོང་བཀག་སྡོམ་བྱས་པའི་རྒྱུ་མཚན་བཤད།

ཡུལ་ཤུལ་ནང་ཆེན་ཁུལ་གྱི་དགོན་པའི་གྲྭ་པ་ཚོས་སློབ་མའི་བསམ་བློའི་ནང་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་གནས་ཚུལ་བླུག་གི་ཡོད་པ་ནི་ཁྲིམས་མཐུན་མིན་པས་གུང་གསེང་སྐབས་བོད་ཡིག་གསབ་འཁྲིད་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་བ་ཡིན་ཟེར།
ཁ་སང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གིས་དེའི་སྐོར་ལ་གནས་ཚུལ་ཞིག་སྤེལ་བའི་ནང་། ཡུལ་ཤུལ་ཁུལ་ནང་ཆེན་གྱི་དགོན་པ་ཁག་ལ་བོད་ཡིག་གསབ་འཁྲིད་ཆོག་པའི་དེབ་སྐྱེལ་མེད་པའི་ཁར་གྲྭ་པ་ཚོས་གུང་སེང་སྐབས་བོད་ཡིག་གསབ་འཁྲིད་བྱེད་པར་ཚད་ལྡན་གྱི་གནས་ཚད་མེད་པར་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་གནས་ཚུལ་སོགས་སློབ་མའི་བསམ་བློའི་ནང་བླུག་གི་ཡོད་སྟབས་ཟབ་སྦྱོང་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེའི་ནང་།  ནང་ཆེན་ལྕི་ཆུ་ཡི་རུས་མིང་ལ་ཇེ་ཡང་ (Jiang) ཟེར་བའི་ལས་བྱེད་ཅིག་གིས། དགུན་ཁའི་གུང་སེང་དང་སྟབས་བསྟུན། ཡུལ་ཤུལ་ཁུལ་གྱི་འཛིན་སྐྱོང་འོག་ཡོད་པའི་ནང་ཆེན་རྫོང་གི་དགོན་སྡེ་ཁ་ཤས་ཀྱིས་གྲོང་ཁྱེར་ཆེ་ཁག་ནང་འགྲིམ་བཞིན་པའི་སློབ་ཆེན་སློབ་མ་དང་། ཉེ་འཁོར་གྱི་དམའ་འབྲིང་སློབ་མ་སོགས་ལ་གསང་བའི་ངང་བོད་ཡིག་གསབ་འཁྲིད་བྱེད་ཀྱི་ཡོད་པ་དང་། གྲྭ་པ་རེ་འགས་བོད་རིགས་སློབ་ཕྲུག་ཚོར་དམིགས་བསལ་གྱིས་རྒྱ་ནག་གི་ས་ཆ་གཞན་དུ་བོད་ཡིག་སློབ་གཉེར་བྱེད་རྒྱུའི་གོ་སྐབས་དེ་ཙམ་ཐོབ་ཀྱི་མེད་སྐོར་བཤད་ཀྱི་ཡོད་པ་དེ་ནི་རྫུན་རེད། ཅེས་བརྗོད་འདུག

ཡང་ཇེ་ཡང་ཟེར་བ་དེས། འདས་ལོའི་ལོ་མཇུག་ཏུ་རྫོང་སྲིད་གཞུང་ནས་ཁོའི་ས་གནས་ལ་དགུན་གནང་སྐབས་དགོན་པས་ཚད་ལྡན་མིན་པའི་ཟབ་སྦྱོང་སྤྲོད་བཞིན་པར་ལེགས་བཅོས་བྱེད་དགོས་པའི་བརྡ་ཐོ་ཞིག་འབྱོར་བ་དང་། དགོན་པ་དེ་ཚོས་སྲིད་གཞུང་ལ་གསབ་འཁྲིད་ཆོག་པའི་ཐོ་འགོད་བྱས་མེད་པ་མ་ཟད། བོད་ཡིག་སློབ་འཁྲིད་བྱེད་མཁན་གྲྭ་པ་ཚོར་གནས་ཚད་འདང་ངེས་མེད་པ་དང་། ཟབ་སྦྱོང་སྐབས་གྲྭ་པ་རེ་འགས་སྲིད་གཞུང་གིས་བོད་སྐད་ཡིག་སྲུང་སྐྱོབ་ལ་སྣང་ཆུང་བྱས་ཡོད་སྐོར་བཤད་དེ། སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་གནས་ཚུལ་སོགས་སློབ་མའི་བསམ་བློའི་ནང་བླུག་གི་ཡོད་པ་ཤེས་རྟོགས་བྱུང་སོང་། ཞེས་བརྗོད་འདུག

དེ་བཞིན་ནང་ཆེན་རྫོང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་བསོད་ནམས་ཟེར་བ་ཞིག་གིས། ནང་ཆེན་རྫོང་གིས་སློབ་གྲྭ་ཁག་ཏུ་སྐད་གཉིས་སློབ་གསོ་དར་སྤེལ་གཏོང་གི་ཡོད་ལ། སློབ་མ་ཚོར་གནས་ཚད་དང་ལྡན་པའི་སློབ་གྲྭའི་ནང་བོད་ཡིག་སྦྱོང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

 ན་ནིང་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་ནང་ཆེན་རྫོང་གི་གྲོང་བརྡལ་སོ་སོའི་དམར་ཤོག་ལས་བྱེད་དང་སྲིད་གཞུང་། དགོན་པ་དོ་དམ་ཁང་སོ་སོར་བཀའ་རྒྱ་ཞིག་བཀྲམས་ཏེ། དགུན་ཁའི་གུང་སེང་སྐབས་དགོན་པས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་སྒྲུབ་པར་དོགས་ཟོན་གྱིས་སློབ་གྲྭ་འཚོགས་རྒྱུ་གཏན་འགོག་བྱེད་དགོས་སྐོར་བརྗོད་ཡོད་ལ། བོད་ཡིག་ཟབ་སྦྱོང་སྤྲོད་མཁན་གྱི་དགོན་པ་དག་གནད་དོན་ཆེ་བའི་དགོན་པའི་གྲས་སུ་བཞག་སྟེ་དགོན་པའི་ཡིག་ཐོ་ལས་ཕུད་ཅིང་། ཆོས་ལུགས་མི་སྣའི་དཔང་ཡིག་བསྡུ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་པ་རེད།

ཡུལ་ཤུལ་ཁུལ་སྐྱེ་དགུ་མདོ་ནས་ཡིན་པའི་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་འོག བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱེད་ཐབས་གནང་བར་བརྟེན།  ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ། འདས་ལོའི་ཕྱི་ཟླ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༢/༠༢

Leave a Reply