རྒྱ་ནག་གིས་ཨོ་སི་ཊོ་ལི་ཡའི་ཁ་ཆེ་མི་སེར་ཁག་ཅིག་འཛིན་བཟུང་བྱས་འདུག་ཟེར།

རྒྱ་ནག་གཞུང་གིས་ཡུ་གུར་ས་ཁུལ་གྱི་སློབ་གསོ་སྒྱུར་བཀོད་ཁང་ཟེར་བའི་ནང་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པ་ཁ་ཆེ་བ་མི་གྲངས་ ༡༧ འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༡ ཉིན། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན་ཨོ་སི་ཊོ་ལི་ཡའི་ནང་རྟེན་གཞི་བྱས་ཡོད་པའི་ཡུ་གུར་གྱི་ཚོགས་སྡེ་མི་གྲངས་ ༣༠༠༠ ཡོད་པ་ཞིག་གིས་ཨོ་སི་ཊོ་ལི་ཡའི་གཞུང་ལ་ཞུ་གཏུགས་བྱས་ཏེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་སྟེ་ཡུ་གུར་སློབ་གསོ་སྒྱུར་བཀོད་ཁང་ཟེར་བའི་ནང་དུ་ཡུ་གུར་ཁ་ཆེ་བ་མང་པོ་འཛིན་བཟུང་བྱས་ཡོད་པ་མ་ཟད། དེ་དག་གི་ཁྲོད་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པ་ཡུ་གུར་བ་ ༡༧ ཙམ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་རྣམས་མགྱོགས་མྱུར་ཀློད་གྲོལ་ཡོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་གནས་སྡོད་ཡུ་གུར་མི་མང་གིས་གཞུང་ལ་འབོད་སྐུལ་ཞུས་རྗེས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་པེན་ནེ་ཝོན་(Penny Wong)ལགས་ཀྱིས། ཨོ་སི་ཊོ་ལི་ཡའི་གཞུང་གིས་གནད་དོན་དེའི་ཐད་ཞིབ་འཇུག་བྱེད་རྒྱུ་ཡིན་པའི་བརྡ་ལན་བསྟན་ཡོད་འདུག འདས་པའི་ལོ་ཤས་ནང་རྒྱ་གནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་ཡུ་གུར་མི་མང་རྣམས་ཨོ་སི་ཊོ་ལི་ཡར་ཡོད་མེད་ལ་མ་ལྟོས་པར་ཁ་པར་དང་འཕྲིན་ལམ་སོགས་བརྒྱུད། གལ་ཏེ་ཁོ་ཚོས་རྒྱ་ནག་གི་ཇི་བཤད་ངོས་ལེན་མ་བྱས་ཚེ་ཤུལ་ལུས་ནང་མི་སོགས་སུ་གནོད་འཚེ་ཐེབས་སྲིད་པའི་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནང་ཡུ་གུར་མི་མང་གི་བདེ་སྡུག་ཞུ་གཏུགས་བྱེད་མཁན་ནེར་གྷོལ་ས་ཝོ་ཊི་(Nurgul Sawut)ལགས་ཀྱིས། ཡུ་གུར་བ་མང་པོ་ཞིག་རང་ཉིད་ཀྱི་ནང་མི་གཉེན་ཉེ་སོགས་ལ་ཐུག་འཕྲད་ཆེད་རྒྱ་ནག་ཏུ་བསྐྱོད་སྐབས་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་། ཁོ་ཚོ་མང་ཆེ་བར་ཨོ་སི་ཊོ་ལི་ཡའི་ནང་བྱིས་པ་དང་བཟའ་ཟླ་སོགས་ཡོད་པ་རེད། རྒྱ་ནག་གི་སློབ་གསོ་སྒྱུར་བཀོད་ཁང་ཟེར་བ་དེ་གསང་རྒྱ་དམ་པོའི་འོག་བཞག་ཡོད་སྟབས། ད་བར་འཛིན་བཟུང་བྱས་པའི་ཨོ་སི་ཊོ་ལི་ཡའི་ཡུ་གུར་བ་ཚོའི་གནས་སྟངས་མཐིལ་ཕྱིན་པ་ཞིག་བཤད་རྒྱུ་ཁག་པོ་ཡིན་ཡང་། ངས་ཤེས་ཚོད་བྱས་ན་མི་ ༤ བཟང་བཙོན་དང་། མི་ ༡ བཙོན་འཇུག དེ་བཞིན་མི་ ༡༢ བཀག་ཉར་ཁང་ཁག་ཏུ་བཅུག་ཡོད། ཅེས་བརྗོད་ཡོད་འདུག

ཡང་ས་ཝོ་ཊི་ཡིས་དེ་སྔོན་ང་ཚོས་ཨོ་སི་ཊོ་ལི་ཡ་གཞུང་ལ་འཛིན་བཟུང་བྱས་པ་ཚོའི་སྐོར་ཞུ་གཏུག་བྱེད་སྐབས་ཨོ་སི་ཊོ་ལི་ཡ་གཞུང་གིས་ཅི་གང་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་བས། མཐའ་ན་ང་ཚོས་ཨོ་སི་ཊོ་ལི་ཡ་གཞུང་ལ་འཛིན་བཟུང་བྱས་པ་དེ་ཚོ་གང་དུ་ཡོད་མེད་མི་ཤེས་ཀྱང་གསོན་པོ་ཡིན་མིན་ཤེས་འདོད་འདུག་ཅེས་བཤད་དགོས་བྱུང་བ་སོགས་ལ་ཧ་ཅང་བློ་ཕམ་བྱུང་། ཞེས་བརྗོད་ཡོད་པ་དང་། འདས་པའི་ནང་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལེགས་པོ་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ནས་རྒྱ་ནག་གིས་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་དང་། སློབ་གསོའི་སྡེ་ཁག རང་དབང་ཅན་གྱི་གསར་འགྱུར་ཁང་ཁག དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་སོགས་ཨོ་གླིང་ནང་ཐེ་གཏོགས་བྱེད་རྒྱུ་ཆེ་རུ་ཕྱིན་ཏེ། ཕྱི་ལོ་ ༢༠༡༨ ལོར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེན་བྱས་ཏེ། དེ་ནས་བཟུང་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ཞན་པོ་ཆགས་ཡོད་པ་རེད།

རྒྱ་ནག་གིས་ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲོད་ཀྱི་ཡོད་པ་དང་། ཁ་སང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཊར་ཁེ་གཞུང་གིས་ཀྱང་རྒྱ་ནག་གིས་སློབ་གསོ་སྒྱུར་བཀོད་ཁང་ཟེར་བའི་ནང་ཡུ་གུར་མི་མང་ས་ཡ་ ༡ ལྷག་གང་བྱུང་འཛིན་བཟུང་བྱས་ཡོད་པ་ནི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་ལས་འགལ་བའི་ངོ་ཚའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། ཊར་ཁེའི་ཕྱི་སྲིད་མགྲིན་ཚབ་པས་ཀྱང་རྒྱ་ནག་གིས་སློབ་གསོ་སྒྱུར་བཀོད་ཁང་དུ་ཡུ་གུར་མི་མང་ས་ཡ ༡ ལྷག་གང་བྱུང་འཛིན་བཟུང་བྱས་ཡོད་པ་ནི་གསང་བ་ཞིག་མ་རེད་ལ། དེའི་ཁྲོད་རྒྱ་ནག་གི་ནུབ་ཕྱོགས་མཚམས་སུ་གནས་པའི་ཊར་ཁེའི་ཁ་ཆེ་མི་མང་ལ་གནོད་ཤུགས་སྤྲོད་ཀྱི་ཡོད་སྐོར་བརྗོད་དེ། འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཁ་ཆེ་མི་མང་ཀློད་གྲོལ་གཏང་དགོས་པ་ནན་བརྗོད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༡༡

Leave a Reply

One thought on “རྒྱ་ནག་གིས་ཨོ་སི་ཊོ་ལི་ཡའི་ཁ་ཆེ་མི་སེར་ཁག་ཅིག་འཛིན་བཟུང་བྱས་འདུག་ཟེར།