ལ་དྭགས་རང་སྐྱོང་གི་དཀའ་རྙོག

ལ་དྭགས་ལ་རང་སྐྱོང་ཐོབ་ཐང་སྤྲད་དེ་ཀྭལ་གྷིལ་ས་ཁུལ་ཤྲི་ནཱ་གྷར་གྱི་འཛིན་སྐྱོང་འོག་ཚུར་པར་ངོ་རྒོལ་བྱེད་བཞིན་འདུགཉེ་སྔོན་རྒྱ་གར་དབུས་གཞུང་གིས་ལ་དྭགས་ལ་རང་སྐྱོང་མངའ་སྡེའི་ཐོབ་ཐང་སྤྲད་དེ་ལ་དྭགས་དབུས་འཛིན་སྐྱོང་ལས་ཁུངས་སླེ་རུ་འཛུགས་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ལ་དྭགས་ཀྭལ་གྷིལ་ས་ཁུལ་ཤྲི་ནཱ་སྒར་གྱི་འཛིན་སྐྱོང་འོག་ཚུད་པར་བརྟེན།  ཀྭལ་གྷིལ་གྱི་ཡུལ་མི་སྟོང་ཕྲག་མང་པོ་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ས་གནས་གཞུང་གི་ལས་ཁུངས་ཁག་སྒོ་བརྒྱབས་ཏེ་ཉིན་གྲངས་ ༣ འགྲོ་བཞིན་ཡོད་པ་མ་ཟད། ལ་དྭགས་རང་སྐྱོང་མངའ་སྡེ་འཛུགས་པར་ཆེད་བསྐོས་གནང་བའི་སྐུ་ཚབ་རྣམས་ཀཱལ་གྷིལ་ནང་ཡོང་མ་བཅུག་པར་བཀག་ཡོད་འདུག

གནད་དོན་དེའི་ཐད་ཀཱལ་གྷིལ་ཁུལ་གྱི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས། རྒྱ་གར་དབུས་གཞུང་ནས་ལ་དྭགས་དབུས་འཛིན་སྐྱོང་སླེ་རུ་བཞག་པའི་ཐག་གཅོད་དེར་བསྐྱར་དུ་ཞིབ་འཇུག་དང་། ཐག་གཅོད་གཞན་ཞིག་མ་བྱས་བར་དུ་ས་གནས་གཞུང་གི་ལས་ཁུངས་ཁག་སྒོ་ཕྱེ་རྒྱུ་མིན་པ་མ་ཟད། མུ་མཐུད་མི་མང་རང་བཞིན་གྱི་ངོ་རྒོལ་ཤུགས་ཆེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ནས་བརྗོད་ན། ལ་དྭགས་དང་ཀཱལ་གྷིལ་གཉིས་ནི་ད་བར་ལ་དྭགས་རྒྱལ་ས་སླེ་རུ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཞེས་པའི་འཛིན་སྐྱོང་འོག་གནས་ཡོད་ཀྱང་། ལ་དྭགས་ལ་རང་སྐྱོང་མངའ་སྡེའི་ཐོབ་ཐང་སྤྲོད་གཏན་འཁེལ་རྗེས་ཀཱལ་གྷིལ་ས་གནས་ཁུལ་དེ་ཤྲི་ནཱ་སྒར་གྱི་འཛིན་སྐྱོང་འོག་ཚུད་ཡོད་སྟབས།  ཀཱལ་གྷིལ་མི་མང་གིས་ལ་དྭགས་ལ་རང་སྐྱོང་མངའ་སྡེ་སྤྲད་པར་ངོ་རྒོལ་བྱེད་ཀྱི་མེད་ཀྱང་། ལ་དྭགས་རང་སྐྱོང་གི་ས་ཁུལ་བཅད་བགོས་བྱེད་སྟངས་འགྲིག་མེད་སྐོར་བརྗོད་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ལ་དྭགས་དབུས་འཛིན་སྐྱོང་ལས་ཁུངས་སླེ་རུ་བཞག་པ་དེས་ཀཱལ་གྷིལ་མི་མང་གི་སེམས་ལ་ཕོག་ཐུག་བཟོས་ཡོད་སྐོར་སོགས་བརྗོད་འདུག

ལ་དྭགས་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་གཏན་འཁེལ་རྗེས། ལ་དྭགས་ཁུལ་གྱི་ཡུལ་མི་མང་པོ་རྒྱལ་ས་སླེ་རུ་འཛོམས་ནས་གླུ་གར་འཁྲབ་སྟོན་སོགས་ཀྱི་མཛད་སྒོ་བསྡུས་ཏེ་དགའ་སྟོན་གྱི་རྣམ་པ་ཤུགས་ཆེར་སྟོན་བཞིན་ཡོད་པ་དང་། དགའ་སྟོན་མཛད་སྒོའི་སྟེང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་། ལ་དྭགས་ལ་རང་སྐྱོང་ཐོབ་པ་དེས་ཀཱ་ཤི་མུར་གྱི་སྟངས་འཛིན་འོག་ནས་ལ་དྭགས་ལ་རང་དབང་ཐོབ་སོང་བ་ཡིན་ལ། ཀཱ་ཤི་མུར་གྱིས་ལ་དྭགས་ལ་དབང་ཐོབ་དང་ལས་རིགས་སྣ་ཚོགས་ཀྱི་ངོས་ནས་དབྱེ་འབྱེད་ཆེན་པོ་བྱས་ཡོད་ན་ཡང་། དེ་རིང་ནས་ལ་དྭགས་རང་སྐྱོང་ཐོབ་སོང་བས་སོ་སོར་དབང་བའི་ཐོབ་ཐང་ཡོད་སྐོར་སོགས་བརྗོད་འདུགསྤྱིར་ཇམ་མུ་དང་ཀཱ་ཤི་མུར་མངའ་སྡེ་དེ་རྒྱ་གར་དབུས་གཞུང་གི་ཐད་ཀའི་སྟངས་འཛིན་འོག་ཡོད་ཀྱང་། ཀཱ་ཤི་མུར་ནི་རྒྱ་གར་གྱི་ཁ་ཆེའི་མི་འབོར་མང་ཤོས་ཀྱི་མངའ་སྡེ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་གར་དང་པཱ་ཀི་སི་ཐན་བར་གྱི་རྩོད་རྙོག་ཆེ་ཤོས་ཀྱི་ས་ཆ་ཞིག་ཡིན་པས་ཟིང་འཁྲུག་རྒྱུན་མ་ཆད་པར་ཡོང་གི་ཡོད་པ་སོགས་ཀྱིས། ལ་དྭགས་ཕྱོགས་ནས་ཀཱ་ཤི་མུར་དང་མཉམ་དུ་འདུག་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཏེ། རང་སྐྱོང་མངའ་སྡེ་ཞིག་ཆགས་རྒྱུའི་རྩོད་ལེན་ཡུན་རིང་བྱས་ཡོད་ཀྱང་རྒྱ་གར་དབུས་གཞུང་ནས་བཀའ་འཁྲོལ་ཐོབ་མེད་པ་རེད།

ཉེ་སྔོན་རྒྱ་གར་སྲིད་བློན་མུ་དྷི་མཆོག་ལ་དྭགས་སུ་ཕེབས་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལ་དྭགས་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་གཏན་འཁེལ་བ་ཡོངས་བསྒྲགས་གནང་ཡོད་སྟབས། ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཐག་གཅོད་དེ་ནི་སླེབ་ལ་ཉེ་བའི་རྒྱ་གར་རྒྱལ་ཡོངས་འོས་བསྡུར་དམིགས་པའི་བྷི་ཇི་ཕི་ཚོགས་པའི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་བྷི་ཇི་ཕི་ཆབ་སྲིད་ཚོགས་པར་ལ་དྭགས་གྲོས་ཚོགས་ཀྱི་རྐུབ་སྟེགས་ཆ་ཚང་ཐོབ་ཡོད་ན་ཡང་། རྗེས་སུ་ལ་དྭགས་ས་གནས་གྲོས་ཚོགས་ནང་བྷི་ཇི་ཕི་ལ་མི་དགའ་མཁན་མང་པོ་བྱུང་སྟེ་གྲོས་ཚོགས་ནས་ཕྱིར་ཐོན་མཁན་མང་པོ་བྱུང་ཡོད་སྟབས། ད་ལན་བྷི་ཇི་ཕི་ཚོགས་པས་ཕམ་ཉེས་བྱུང་བའི་རྨ་ཁ་རྣམས་གསོ་ཐབས་བྱེད་ཀྱི་ཡོད་པའི་གླེང་གཞི་ཡོང་གི་ཡོད་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༢/༡༤

Leave a Reply