གློག་བརྙན་ལག་དམར་ལ་གཟེངས་རྟགས་གསུམ་ཐོབ།

རྒྱལ་སྤྱིའི་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་ཐེངས་ ༢༥ པའི་ཐོག་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་ལ་གཟེངས་རྟགས་གསུམ་ཐོབ་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༥ ནས་བདུན་ཕྲག་གཅིག་རིང་། ཧྥ་རན་སིའི་རྒྱལ་ས་ཕཱ་རི་སིའི་ (Paris) ནང་ཚོགས་པའི་རྒྱལ་སྤྱིའི་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་ཐེངས་ ༢༥ སྟེང་། བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་པའི་གློག་བརྙན་༼ལག་དམར༽ཞེས་པ་དེར་གཟེངས་རྟགས་ ༣ ཐོབ་ཡོད་འདུག་ལ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ནང་ཧོང་ཀོང་དུ་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་༼ལག་དམར༽་ནི་འཁྲབ་ཁྲིད་པ་རྩེ་ཕུད་དང་གློག་བརྙན་རྩེ་ཕུད། གློག་བརྙན་པར་བཀོད་དང་རོལ་མོ་རྩེ་ཕུད་བཅས་ཀྱི་འོས་གཞིར་འདེམས་ཐོན་བྱུང་ཡོད་འདུག

ཐེངས་འདིའི་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་དེའི་སྟེང་། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཁྱོན་གློག་བརྙན་གྲངས་ ༧༠༠ ཙམ་འགྲན་སྡུར་ནང་ཞུགས་ཡོད་པ་དང་། འགྲན་ཞུགས་གློག་བརྙན་ཁག་ལས་ ༩༠ དུས་སྟོན་དེའི་སྟེང་དངོས་སུ་ལྟད་མོ་བ་འབུམ་ ༣ ལྷག་ལ་བསྟན་ཡོད་པ་དང་། གློག་བརྙན་ ༡༧ ལེགས་འདེམས་བྱུང་སྟེ་གཟེངས་རྟགས་ ༡༣ ཙམ་སྤྲད་ཡོད་པའི་ཁྲོད་ནས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་༼ལག་དམར༽ལ་གསེར་གྱི་རྐང་འཁོར་གཟེངས་རྟགས་ (Golden Cyclo Award) དང་དཔྱད་གླེང་བའི་གཟེངས་རྟགས་ (Critic’s Award) ། ཤར་ཕྱོགས་སྐད་ཡིག་དཔལ་ཡོན་གཙུག་ལག་སློབ་གཉེར་ཁང་གི་གཟེངས་རྟགས་ (INALCO Award) བཅས་ཐོབ་ཡོད་འདུག

གསེར་གྱི་རྐང་འཁོར་གཟེངས་རྟགས་ཀྱི་དཔྱད་འདེམས་པ་ཚོས། གློག་བརྙན་ལག་དམར་ལ་གློག་བརྙན་རྩེ་ཕུད་ཀྱི་གཟེངས་རྟགས་སྤྲོད་དོན་ནི་གློག་བརྙན་དེ་འཚོ་བ་དངོས་དང་ཧ་ཅང་ཐག་ཉེ་བ་དང་ཐུན་མོང་མ་ཡིན་པའི་སྐད། དེ་བཞིན་ལྷད་མེད་མཛེས་པ་དང་སྤྲོ་ཉམས་སོགས་རྩལ་དུ་བཏོན་ཡོད་སྐོར་བརྗོད་འདུག

གློག་བརྙན་ལག་དམར་ནི་པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་གཏམ་ལུག་གཅིག་ལྔ་ལམ་དུ་བརྫངས་པ་ཞེས་པ་དང་། རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ་ལག་དམར་གཉིས་མཉམ་བསྲེས་ཀྱིས་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ཤིང་། གློག་བརྙན་འདིའི་འཁྲབ་ཡུལ་དང་འཁྲབ་ཚིག་ནི་ཁམས་ཁུལ་དང་ཁམས་སྐད་ཁོ་ན་ཡིན་འདུག་ལ། འཁྲབ་སྟོན་པ་ནི་སྦྱིན་པ་དང་དགེ་འདུན་ཕུན་ཚོགས། བསོད་ནམས་དབང་མོ་སོགས་ཡིན་འདུག ཕྱི་ལོ་ ༢༠༡༨ ལོར་གློག་བརྙན་དེར་བོད་སྐད་དུ་ལག་དམར་དང་རྒྱ་སྐད་དུ་ལུག་གཅིག་ལྔ་ལམ་དུ་བརྫངས་པ་ (撞死了一只羊) ། དབྱིན་སྐད་ནང་ (Jinpa) བཅས་བཏགས་ཏེ་ཕབ་སྐྲུན་ལེགས་འགྲུབ་བྱུང་ཡོད་འདུག

ལག་དམར་གྱི་འཁྲབ་གཞུང་དེའི་ནང་བོད་མི་ཁ་ལོ་བ་ཞིག་གི་རླངས་འཁོར་གྱིས་སྟབས་མ་ལེགས་པར་ལམ་བར་ནས་ལུག་ཅིག་ལ་བརྡུངས་ཏེ་བསད་པ་དང་། སྐབས་དེར་ལམ་འགྲོ་བ་གཞན་ཞིག་ལ་ཐུག་སྟེ་རླངས་འཁོར་ནང་ཁ་བརྡ་བྱེད་བཞིན་འགྲོ་དུས། ཁོ་ནི་ཆེད་དུ་མི་ཞིག་གསོད་དུ་འགྲོ་ཡི་ཡོད་པ་ཤེས་ཤིང་། ཁ་ལོ་བ་དེས་ཀྱང་ལུག་ཞིག་རླངས་འཁོར་གྱིས་བསད་མ་ཐག་ཡིན་པའི་དོན་རྐྱེན་ཞིག་ལ་གཞི་བཅོལ་སྟེ།  སྡིག་བཤགས་དང་བློས་གཏོང་གི་བསམ་བློ་དང་འབྲེལ་བའི་ལྐོག་གྱུར་གྱི་ཉམས་དང་ལྡན་པའི་གཏམ་རྒྱུད་ཅིག་ཡིན་འདུག་ལ། གློག་བརྙན་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོའི་ནང་ཚུད་ཡོད་པ་མ་ཟད། འདས་ལོར་རྒྱལ་སྤྱིའི་ཝཱ་ནེ་སི་གློག་བརྙན་དུས་སྟོན་ (Venice International Film Festival) སོགས་ཀྱི་སྟེང་འཁྲབ་གཞུང་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་པ་སོགས་རྩེ་ཕུད་གློག་བརྙན་གྱི་གཟེངས་རྟགས་གང་མང་ཐོབ་ཡོད་འདུག

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༣ ནང་ཧོང་ཀོང་དུ་འཚོགས་འཆར་ཡོད་པའི་ཉི་ཧོང་དང་ཧོང་ཀོང་། ལྷོ་ཀོ་རི་ཡ་བཅས་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའི་ཐོག པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་༼ལག་དམར༽་ནི་འཁྲབ་ཁྲིད་པ་རྩེ་ཕུད་དང་གློག་བརྙན་རྩེ་ཕུད། གློག་བརྙན་པར་བཀོད་དང་རོལ་མོ་རྩེ་ཕུད་བཅས་ཀྱི་འོས་གཞིར་འདེམས་ཐོན་བྱུང་ཡོད་འདུག

སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༤ ལོར་མཚོ་ལྷོ་ཁྲི་ཀའི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། རྩོམ་པ་པོ་དང་ལོ་ཙཱ་བ་ཞིག་ཡིན་འདུག  ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་ཡོད་འདུག་ལ།  ཁོང་གིས་ད་བར་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང་༼འཚོལ༽། ༼ཁྱི་རྒན༽ ༼གཡང་མདའ༽ ༼ཐར་ལོ༽་སོགས་འཁྲབ་འཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཐོབ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༢/༡༤

Leave a Reply