སྐྱེས་མ་རྣམས་ཁྱིམ་ལས་ཁོ་ནར་མགོ་མ་འཁོར་བར་སློབ་གསོའི་ཁོར་ཡུག་ནང་ཞུགས་དགོས།

༧གོང་ས་མཆོག་གིས་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་ལྟ་བ་དེ་ཤེས་ཡོན་གྱི་ལམ་ནས་བསྒྱུར་བཅོས་གཏོང་དགོས་ཀྱི་ཡོད་སྟབས། སྐྱེས་མ་རྣམས་ཀྱིས་རང་ཉིད་ནས་མགོ་བརྩམས་ཏེ་དེའི་ཐོག་དཀའ་ལས་ཤུགས་ཆེ་བ་བརྒྱབ་དགོས་སྐོར་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ནས་ ༡༢ བར་བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་ན་གཞོན་ཧྥི་ཀི་སྐྱེས་མའི་ཚོགས་པ་(Young FICCI Ladies Organization)ཞེས་པའི་ཚོགས་མི་འགའ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རབས་ཉེར་གཅིག་འདིར་སྐྱེས་མ་རྣམས་ཀྱིས་མིའི་རིགས་ཀྱི་གཞི་རྩའི་བྱམས་བརྩེའི་ནུས་སྟོབས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ལྷག་པར་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

བཀའ་སློབ་གནང་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་དུས་རབས་ཉེར་གཅིག་པའི་མི་ཡིན། འོན་ཀྱང་ང་ཚོས་དུས་རབས་ཉི་ཤུ་པའི་ནང་བལྟས་ཚེ། དམག་ཆེན་དང་པོ་དང་གཉིས་པ་སོགས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་མང་པོ་ཐོན་ཡོད། དེར་བརྟེན་མི་མང་པོས་རྡུལ་ཕྲན་མཚོན་ཆའི་དམག་ཆེན་གསུམ་པ་ཡོང་རྒྱུའི་ཞེད་སྣང་བྱས་པ་རེད། ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས། དུས་སྐབས་དེའི་ནང་འཛམ་གླིང་གི་མི་གྲངས་ས་ཡ་ ༢༠༠ ལྷག་ཤི་ཡོད་ཚུལ་བརྗོད་ཀྱི་ཡོད། ངས་བསམ་ན་དུས་རབས་ཉི་ཤུ་དེ་ངོ་མ་འཚེ་བའི་དུས་རབས་ཤིག་ཏུ་གྱུར་ཡོད་འདུག ཡིན་ན་ཡང་། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་འཚེ་མེད་དང་བྱམས་བརྩེའི་དུས་རབས་ཤིག་ཏུ་འགྱུར་དགོས། སྐྱེས་པ་དང་བསྡུར་ན། སྐྱེས་མ་རྣམས་ལ་ལུས་ཁམས་ཀྱི་ཆ་ནས་བྱམས་བརྩེའི་ནུས་སྟོབས་ཆེ་བ་ཡོད་པ་དང་། ཡང་ལོ་རྒྱུས་ཀྱི་སྟེང་ནས་བཤད་ནའང་། གནའ་སྔ་མོ་དཔའ་བོ་ཟེར་དུས་མི་གསོད་མཁན་ལྟ་བུ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དཔའ་བོ་དེ་དག་ལས་ཉུང་ཤས་མ་གཏོགས་ཕལ་ཆེ་བ་སྐྱེས་པ་རེད། དེང་སྐབས་ཚན་རིག་པ་རྣམས་ཀྱིས་ཀྱང་སྐྱེས་མ་རྣམས་གཞན་གྱི་བདེ་སྐྱིད་དང་ཚོར་བའི་ཐོག་ལ་སེམས་ཁུར་ཆེ་བ་ཡོད་ཚུལ་བརྗོད་ཀྱི་ཡོད། དེར་བརྟེན། དུས་རབས་ཉེར་གཅིག་འདིར་སྐྱེས་མ་རྣམས་ཀྱིས་འཛམ་གླིང་འདིར་མིའི་རིགས་ཀྱི་བྱམས་བརྩེ་ནུས་སྟོབས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཤུགས་ཆེ་བ་བྱེད་དགོས་པ་དང་། སྐྱེས་མ་རྣམས་ཀྱིས་བུ་ཕྲུག་གསོ་སྐྱོང་སོགས་ཁྱིམ་ལས་ཁོ་ནའི་ནང་མགོ་མ་འཁོར་བར། བྱམས་བརྩེའི་ནུས་སྟོབས་གོང་འཕེལ་སོགས་སློབ་གསོའི་ཁོར་ཡུག་ནང་ཞུགས་དགོས་ཀྱི་ཡོད།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ལོ་མང་པོའི་སྔོན་ལ་ཧྥ་རན་སིའི་སྐྱེས་མའི་དུས་དེབ་ཅིག་གི་རྩོམ་སྒྲིག་པ་ཞིག་ངོས་རང་མཇལ་དུ་བསླེབས་ནས་གླེང་མོལ་ཞུ་སྐབས་ཁོང་མོས། མ་འོངས་པའི་ཏཱ་ལའི་བླ་མ་དེ་བུད་མེད་ཅིག་ཏུ་སྐྱེ་མིན་དྲིས་པར། ངས་གལ་ཏེ་སྐྱེས་མ་ཏཱ་མའི་བླ་མ་ཞིག་གིས་འགྲོ་དོན་རྒྱ་ཆེ་བ་བསྒྲུབ་ཐུབ་པའི་དུས་སྐབས་ལ་བསླེབས་ཚེ། མ་འོངས་པའི་ཏཱ་ལའི་བླ་མ་དེ་བུད་མེད་ཅིག་ཏུ་སྐྱེ་མ་སྲིད་པ་མེད་ཅེས་བརྗོད་ཡིན། དེ་བཞིན་ངོས་རང་གིས་ཁོང་མོར། བོད་ཀྱི་ལོ་རྒྱུས་ནང་མཚོན་ན། དུས་རབས་ ༧ ལྷག་གི་རིང་བུད་མེད་ཀྱིས་ཆོས་ལུགས་ཀྱི་ཆེས་མཐོའི་དབུ་ཁྲིད་བྱས་པའི་ལོ་རྒྱུས་ཡོད་པ་རེད་ཅེས་བརྗོད་ཡིན། སྟོན་པ་བཅོམ་ལྡན་འདས་ནས་ཀྱང་དགེ་སློང་དང་དགེ་སློང་མ་ཞེས་ཕོ་མོ་དབྱེར་མེད་དུ་གཟིགས་ཡོད་པ་རེད། དགེ་སློང་མ་ཞེས་པ་འདུལ་བའི་ཁྲིམས་ལྟར་འགྲོ་དགོས་པར་བརྟེན་ང་ལ་དབང་ཆ་གང་ཡང་མེད་ཀྱང་། ངོས་རང་གིས་ལོ་སུམ་ཅུ་ཞི་བཅུའི་སྔོན་ནས་ཡོངས་བསྒྲགས་ཀྱི་ཐོག་ནས་བཙུན་མ་རྣམས་ཀྱིས་གྲྭ་པ་ཇི་བཞིན་སློབ་སྦྱོང་བྱེད་དགོས་སྐོར་བརྗོད་པ་ལ་བརྟེན་ནས། ལོ་གཉིས་སྔོན་ལ་ང་ཚོར་བཙུན་མ་མཁས་པ་དེ་འདྲ་ཐོན་ཡོད་པ་རེད། དེར་བརྟེན་ཤེས་ཡོན་གྱི་སྟེང་ནས་བཤད་ན། གྲྭ་བཙུན་བར་ལ་ཁྱད་པར་མེད་པར་འདྲ་མཉམ་ལྟ་བུ་ཆགས་ཡོད། རྒྱུ་མཚན་དེའི་རྐྱེན་གྱིས་སྐྱེས་མ་རྣམས་ཀྱིས་མིའི་བྱམས་བརྩེའི་ནུས་སྟོབས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཆེ་བ་བྱེད་དགོས་པ་གལ་ཆེན་པོ་ཡིན། དེ་བཞིན་འཛམ་གླིང་གི་མི་དུང་ཕྱུར་ ༧༠ ཚང་མ་མའི་མངལ་ནས་སྐྱེས་པ་ཞིག་ཡིན་པ་དང་། བུ་ཕྲུག་ལ་མའི་ས་ནས་ཐོབ་པའི་བྱམས་བརྩེའི་མྱོང་བ་དེ་མ་ཤི་བར་དུ་སེམས་རྒྱུད་ལ་གནས་ཐུབ་ཀྱི་ཡོད། མས་བདག་སྐྱོང་མ་བྱས་པའམ། ཨ་མ་གྲོངས་ཚར་བའི་ཕྲུ་གུ་རྣམས་ཀྱི་སེམས་ཀྱི་གཏིང་ཟབ་ས་ན་གདེང་ཚོད་མེད་པའི་ཚོར་བ་ཞིག་སྐྱེ་ཡི་ཡོད་པ་དང་། ཚོར་བ་དེ་མ་ཤི་བར་དུ་ཕྲུ་གུ་དེའི་རྒྱུད་ལ་གནས་ཀྱི་ཡོད་པ་རེད། དེར་བརྟེན་ཨ་མའི་འགན་འཁྲི་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་རང་ལྟ་བུར་མཚོན་ན། ངའི་ཨ་མ་དེ་འབྲི་ཀློག་མི་ཤེས་མཁན་ཞིག་ཡིན་ཡང་། ཧ་ཅང་བྱམས་བརྩེ་ལྡན་པ་ཞིག་ཡིན། ངོས་རང་ཕྲུ་གུའི་ནང་གི་ཆུང་ཤོས་དེ་ཡིན་པའི་ཆ་ནས་ཨ་མས་ངོས་རང་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ང་ཚོ་གྲོང་གསེབ་པ་ཡིན་པས་ང་ལ་རྩེད་ཆས་ལྟ་བུ་མེད་སྟབས། ངོས་རང་ག་དུས་ཡིན་ན་ཡང་ཨ་མས་ཞིང་ལས་དང་ཕྱུགས་ལས་བྱེད་སྐབས་ཁོང་གི་ཕྲག་པར་འཛེགས་ནས། མཚམས་རེར་ཕྱོགས་གཡས་གཡོན་ལ་འགྲོ་དགོས་ཚེ། ངས་ཨ་མའི་སྣ་ཅོག་གཡས་འཐེན་གཡོན་འཐེན་བྱེད་ཀྱི་ཡོད། ངོས་རང་གིས་དུས་ནམ་ཡང་ཨ་མས་ང་ཚོར་ཁོང་ཁྲོའི་རྣམ་འགྱུར་བསྟན་པ་མཐོང་མྱོང་མེད། ཁོང་ཧ་ཅང་བྱམས་བརྩེ་ལྡན་པ་ཞིག་རེད། ཁོང་མོས་རང་གི་བུ་ཕྲུག་ཙམ་མིན་པར། གྲོང་པའི་ཕྲུ་གུ་རྣམས་ལ་ཡང་བྱམས་པོ་བྱེད་ཀྱི་ཡོད་ལ། སྐབས་འགར་མུ་གེ་དང་ལྟོགས་སྐོམ་གྱིས་གནར་བའི་ཡུལ་ཕྱོགས་གཞན་གྱི་ཕྲུ་གུ་ཚོ་མཐོང་དུས་རྒྱུན་རིང་བཤུམས་ནས་ཁོ་ཚོར་བག་ལེབ་སོགས་སྦྱིན་གྱི་རེད། ངོས་རང་གིས་བསམ་ན། དེ་ལྟ་བུའི་བྱམས་བརྩེ་ལྡན་པའི་ཨ་མ་ཁྱད་པར་བ་དེས་མི་འདི་(༧གོང་ས་མཆོག་རང་ཉིད)བསྐྲུན་པ་རེད། གལ་ཏེ་ངོས་རང་གི་ཨ་མས་ཁོང་ཁྲོའི་རྣམ་འགྱུར་སོགས་བསྟན་ཡོད་ན། ད་ལྟ་ངོས་རང་དེ་ཙམ་འཛུམ་མདངས་ཅན་ཞིག་ཏུ་ཆགས་མེད་ཀྱི་རེད། སྟབས་མ་ལེགས་པའི་ཆ་ནས། ཆོས་ལུགས་ནང་སྐྱེས་མ་རྣམས་ལ་མཐོང་ཆུང་བྱས་པའི་སྣང་ཚུལ་ཡོང་གི་ཡོད། དེ་ཙམ་དུ་མ་ཟད་རྒྱ་གར་གྱི་སྤྱི་ཚོགས་ནང་དུའང་དེ་ལྟར་བྱུང་གི་ཡོད། དེ་བཞིན་རྒྱ་གར་ནང་གི་རིགས་དབྱེ་འབྱེད་ཀྱི་ལྟ་བ་དེ་ཧ་ཅང་རྗེས་ལུས་རེད། གཞུང་ལུགས་ཀྱི་ཐོག་ནས་བཤད་ན། རྒྱ་གར་གྱི་རིགས་བཞི་པོའི་བྱུང་ས་དེ་ཚངས་པ་ཡིན་པ་གཅིག་མཚུངས་རེད། དེ་སྔོན་ངོས་རང་གིས་ཧར་ཡ་ན་མངའ་སྡེའི་ནང་རིགས་མི་གཅིག་པ་གཉིས་ཆང་ས་བརྒྱབས་པ་ལ་བརྟེན་ནས། གསོད་རེས་བྱས་ཡོད་པའི་གནས་ཚུལ་ཞིག་གོ་ཐོས་བྱུང་སོང་། དེ་ནི་ཧ་ཅང་སྡུག་པོ་རེད། ང་ཚོས་ལྟ་བ་འདིའི་རིགས་ཤེས་ཡོན་བརྒྱུད་ནས་བསྒྱུར་བཅོས་གཏོང་དགོས་ཀྱི་ཡོད་སྟབས། སྐྱེས་མ་རང་ཉིད་ནས་འདིའི་རིགས་ལ་འབད་བརྩོན་ཤུགས་ཆེ་བ་བྱེད་དགོས་པ་ཡིན། ཁྱེད་ཚོ་མོས་མཐུན་ཡོད་ན། ང་ཚོའི་ཆབ་སྲིད་ནང་ཨིན་ཌ་ར་གྷན་དྷི་ལྟ་བུའི་སྐྱེས་མ་ཆབ་སྲིད་པ་མང་པོ་དགོས་ཀྱི་འདུག དེ་ནི་བཟང་པོ་ཞིག་མིན་ནམ། ངས་བསམ་ན་དེ་ཚོས་སྤྱི་ཚོགས་ནང་འགན་འཁྲི་ཆེ་བ་ལེན་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་འདུག

དེའི་རྗེས་དྲི་བ་དྲིས་ལན་གྱི་སྐབས། མཇལ་བཅར་བ་བུད་མེད་ཅིག་གིས་མས་ཕྲུ་གུ་གསོ་སྐྱོང་ལེགས་པོ་ཇི་ལྟར་བྱེད་དགོས་མིན་དྲིས་པར་ཁོང་གིས། ངོས་རང་གི་བསམ་ན་ཁྱི་དག་ཀྱང་རང་གི་ཕྲུ་གུར་བདག་སྐྱོང་བྱེད་རྒྱུར་མཁས་པ་ཡིན། ཁོ་ཚོས་རང་གི་ཕྲུ་གུར་ལྕེ་ལྡག་རྒྱག་རྒྱུ་ལས་ཐབས་ཤེས་གཞན་ཡོད་མ་རེད། དེ་བཞིན་ང་ཚོ་མི་ལ་ཆ་མཚོན་ན་ཡང་ང་ཚོས་ལུས་ཁམས་ཀྱི་ཆ་ནས་རང་གི་ཕྲུ་གུར་གང་གཟབ་ཀྱིས་བདག་སྐྱོང་བྱེད་ཀྱི་ཡོད་པ་རེད། དེ་མིན་ཕྲུ་གུ་ཇི་ལྟར་གསོ་སྐྱོང་བྱེད་དགོས་མིན་དེ་ང་ལས་ཁྱེད་ཚོས་ཡག་པོ་ཤེས་ཀྱི་རེད། ཅེས་གསུངས་ཡོད་པ་དང་། ཡང་མཇལ་བཅར་བ་ཞིག་གིས་ཕྲུ་གུའི་རྒྱུད་ལ་དྲིན་དྲན་རྒྱུའི་སློབ་གསོ་ཇི་ལྟར་སྤྲོད་དགོས་ཚུལ་བཀའ་འདྲི་ཞུས་པར་ཁོང་གིས། ངོས་རང་གི་བསམ་ཚུལ་ལ། ང་ཚོས་དུས་རྒྱུན་ཁྱི་སོགས་སེམས་ཅན་ལ་ཡང་ཁ་ལག་སྤྲད་པ་ཙམ་མིན་པར། འཛུམ་མདངས་དང་ཞི་བདེ་ལྷོད་བབ་ཀྱི་སྒང་ནས་མིག་བལྟས་ཚེ། ཁོ་ཚོས་དེར་དགའ་བའི་རྣམ་པ་སྟོན་གྱི་ཡོད་པ་རེད། དེར་བརྟེན་དོན་དམ་པའི་བྱམས་བརྩེ་ཞིག་ཡིན་ཚེ། ཕར་ཕྱོགས་ནས་ཀྱང་དེར་དགའ་མོས་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་འདུག་པ་དང་། དེའི་རྗེས་མཇལ་བཅར་བ་གཞན་ཞིག་གིས་མི་ཚེའི་དོན་སྙིང་གཙོ་བོ་དེ་གང་ཡིན་མིན་དྲིས་པར་ཁོང་གིས། མི་ཚེའི་དམིགས་ཡུལ་གཙོ་བོ་དེ་བདེ་སྐྱིད་དང་ལྡན་པའི་མི་ཚེ་ཞིག་སྐྱེལ་རྒྱུ་དེ་རེད། ཅེས་དང་། མིའི་མི་ཚེ་དེ་གཙོ་བོ་རེ་བ་ལ་བརྟེན་གྱི་ཡོད་པ་དང་། རེ་བ་ནི་བཟང་ཕྱོགས་ཞིག་ཡིན་པས། རེ་བ་བརླག་ཚེ་མིའི་མི་ཚེ་ཡང་དོན་སྙིང་མེད་པ་ལྟ་བུ་ཞིག་ཏུ་འགྱུར་སྲིད་སྐོར་གསུངས་འདུག

རྒྱ་གར་གྱི་ན་གཞོན་ཧྥི་ཀི་སྐྱེས་མའི་ཚོགས་པ་དེ་ཕྱི་ལོ་ ༢༠༠༤ ལོར་གསར་འཛུགས་བྱས་པ་ཞིག་ཡིན་ལ།  ཚོགས་པ་དེས་རྒྱབ་ལྗོངས་འདྲ་མིན་ནས་ཡིན་པའི་ན་གཞོན་ཁེ་ལས་པ་དང་ཆེད་ལས་པའི་སྐྱེས་མ་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་དང་། འབྲེལ་མོལ་སོགས་བྱེད་རྒྱུའི་སྡིངས་ཆ་བསྐྲུན་ཐབས་བྱེད་ཀྱི་ཡོད་པ་དང་། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་ཁོར་ཡུག་ནང་ན་གཞོན་སྐྱེས་མ་རྣམས་ཀྱི་ནུས་པ་འདོན་རྒྱུར་གཞོགས་འདེགས་བྱེད་རྒྱུ་དེ་ཡིན་པ་དང་། ཚོགས་པ་དེས་ད་བར་སྐྱེས་མའི་ཁེ་ལས་རང་བཞིན་དང་། ནུས་སྟོབས། དེ་བཞིན་ལས་ཞུགས་སོགས་ཀྱི་ཐད་ལ་ཟབ་སྦྱོང་སོགས་གོ་སྒྲིག་བྱས་ཡོད་པ་དང་། དེ་བཞིན་སྐྱེས་མའི་མགོ་འཁྲིད་ཀྱི་ནུས་པ་དང་སྤྱི་ཚོགས་འགན་འཁྲི་སོགས་ཀྱི་སྐོར་ལ་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༡༨

Leave a Reply