ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་རེད།

རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༦༠ འཁོར་བའི་འདི་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རུ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

དེ་རིང་སྔ་དྲོར་བཞུགས་སྒར་དྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བོད་མིས་རང་དབང་སྒེར་ལངས་གནང་སྟེ་ལོ་འཁོར་ ༦༠ དང་། བོད་པ་ཚོ་སྐྱབས་བཅོལ་དུ་ཡོང་ནས་ལོ་ ༦༠ འཁོར་བཞིན་ཡོད་སྟབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན། བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་སྐྱོང་དང་གསུམ་བཅུའི་སྒེར་ལངས་ཆེན་མོ་དྲན་གསོའི་ཆེད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཉིན་གྲངས་གསུམ་རིང་མི་མང་འདུ་འཛོམས་ཀྱི་རྔམ་སྟོན་ཁྲོམ་སྐོར་དང་ཞི་བའི་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་པས། རྒྱ་གར་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་ཡོང་བའི་གསལ་བསྒྲགས་ཤིག་གནང་སོང་།

གསར་འགོད་ལྷན་ཚོགས་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ད་ལོའི་གསུམ་བཅུའི་དུས་དྲན་དེ་བོད་མིའི་གསུམ་བཅུའི་སྒེར་ལངས་བྱས་ནས་ལོ་དྲུག་ཅུ་དང་། བོད་པ་ཚོ་སྐྱབས་བཅོལ་དུ་ཡོང་ནས་ལོ་དྲུག་ཅུ་འཁོར་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འོག་བོད་མི་རིགས་འདི་གནས་ཐུབ་མིན་ཆགས་ཀྱི་ཡོད་པ་དང་། བཙན་བྱོལ་ནང་དུ་ཡང་རྒྱ་ནག་གི་དཀྲུག་ཐབས་སྣ་ཚོགས་བྱས་ཏེ་ཁ་འཐོར་གཏོང་ཐབས་བྱེད་ཀྱི་ཡོད་ན་ཡང་། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་དང་། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་བརྟེན་ནས་རྒྱ་ནག་གཞུང་གི་འདོད་དོན་བཞིན་འགྲུབ་ཀྱི་མེད་པ་དང་།  ལོ་ ༦༠ རིང་ང་ཚོའི་འཐབ་རྩོད་གནས་ཐུབ་པ་དེ་རྒྱལ་ཁ་ཞིག་ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་ཉིན་གསུམ་རིང་གཞོན་ལྷན་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་དང་། ཞུ་བའི་གོམ་བགྲོད། མི་མང་འདུ་འཛོམས་བཅས་ཀྱི་ལས་འགུལ་སྤེལ་འཆར་ཡོད་སྐོར་བརྗོད་སོང་།

འདི་ལོར་ལས་འགུལ་དེ་ལྟ་བུ་ཞིག་སྤེལ་དགོས་པའི་དམིགས་ཡུལ་སྐོར་བསྒྲགས་གཏམ་ནང་། ད་ལྟའི་བོད་ནང་གི་དཀའ་ཚེགས་དུས་བབ་དྲིལ་བསྒྲགས་དང་། རང་ལུས་མེར་བསྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་སྙིང་སྟོབས་ལ་གུས་བཀུར་དང་དགོས་འདུན་ལ་རྒྱབ་སྐྱོར། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་དང་། བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་སྐྱོང་བཅས་ཀྱི་ཆེད་དུ་ཡིན་ལ། ང་ཚོ་བྱེས་གྱར་བོད་མི་ཡོངས་ནས་བོད་ནང་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ཀྱི་དཀའ་སྡུག་དང་། བོད་མི་རིགས་ཆག་འཇིག་གི་གནས་སུ་གྱར་བའི་ཛ་དྲག་གི་གནས་ཚུལ་ལ་ཐུགས་སྣང་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་རྡོག་རྩ་གཅིག་སྒྲིལ་ཐོག་མཉམ་ཞུགས་ཀྱིས། བོད་ནང་གི་བོད་མི་རྣམས་ཀྱི་མངོན་འདོད་དང་གནས་སྟངས་ངོ་མ་རྒྱལ་སྤྱིའི་གཞུང་མང་གཉིས་ལ་གསལ་སྟོན་བྱེད་ཐུབ་རྒྱུ་ང་ཚོའི་འོས་འགན་ཡིན་པ་སོགས་ཀྱི་ཆེད་ཡིན། ཞེས་བརྗོད་འདུག

ཡང་བསྒྲགས་གཏམ་ནང་། ཕྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས། བོད་བསྟན་སྲིད་མི་རིགས་ཆེད་རྒྱ་དམར་གྱི་ཁྲིམས་འགལ་བཙན་གནོན་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན། དེ་རིང་འཛམ་གླིང་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གིས་བོད་དུ་བཙན་འཛུལ་དང་བཙན་གནོན་བྱས་པར་ངོ་རྒོལ་དང་། རྒྱལ་ཁབ་བསྐྱར་འཛུགས་ཀྱི་འཐབ་རྩོད་ཆེད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། ཅེས་བཀོད་འདུག

བསྒྲགས་གཏམ་ནང་ང་ཚོས་གོ་སྐབས་འདི་བརྒྱུད་ནས་འཛམ་གླིང་ས་གནས་གང་སར་ཡོད་པའི་བོད་མི་ཚོའི་སེམས་ལ་ན་ཟུག་བཏང་བའི་སྐྱོ་གར་གྱི་ཉིན་མོ་ཞིག་དང་། བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བརྗེད་ཐབས་མེད་པའི་མུན་ནག་གི་ཉི་མ་ཞིག་སྲུང་བརྩི་ཞུ་བ་དང་སྦྲགས། ད་བར་རྒྱ་གཞུང་གི་བཙན་དབང་དང། གཉའ་གནོན་གྱི་སྲིད་ཇུས་ལ་འགོག་རྒོལ་དང་བོད་མིའི་ཐོབ་ཐང་རྩོད་ལེན་ཆེད་དུས་མིན་རྐྱེན་འདས་སུ་སོང་བ་རྣམས་དང་། གནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང། སྙིང་སྟོབས་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། རྒྱ་གཞུང་གིས་བཤད་བཞིན་པའི་བོད་ཞི་བས་བཅིངས་འགྲོལ་ཞེས་པ་རྫུན་གཏམ་ཞིག་ཡིན་པ་དྲན་སྐུལ་དང་ནན་བརྗོད་ཞུ་རྒྱུ་ཡིན། ཞེས་དང་། འདི་ལོ་ཕྱི་ཟླ་༣ ཚེས་༡༠ ནས་༡༢ བར་གྱི་ཉིན་གྲངས་གསུམ་རིང་གི་རྒྱ་གར་རྒྱལ་ས་ལྡི་ལིའི་ཞི་རྒྱ་ཆེ་བའི་ལས་འགུལ་ནང་རྒྱ་གར་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་ཡོང་བའི་འབོད་སྐུལ་གནང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༢/༡༨

Leave a Reply