ཆང་དུག་གིས་མི་གྲངས་མང་པོ་རྐྱེན་འདས་སུ་ཕྱིན།

རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་གྲོང་གསེབ་ནས་ཐོན་སྐྱེད་བྱས་པའི་ཆང་ཞིག་བཏུང་སྟེ་མི་ ༡༣༠ ལྷག་རྐྱེན་འདས་དང་མི་ ༢༠༠ ལ་ནད་དུག་ཕོག་འདུགཟླ་འདིའི་ཕྱི་ཚེས་ ༢༤ ཉིན། བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་བྱང་ཕྱོགས་ཨ་སམ་མངའ་སྡེ་དང་ཨུ་ཊར་མངའ་སྡེ། ཨུ་ཊར་ཁཱན་མངའ་སྡེ་སོགས་ཀྱི་ནང་ཆང་དུག་ཕོག་སྟེ། ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་སྐྱོ་བོ་ཡིན་པའི་ཞོར་ལས་བ་སོགས་གཙོ་བོར་གྱུར་བའི་མི་གྲངས་ ༡༣༠ ལྷག་རྐྱེན་འདས་དང་། མི་ ༢༠༠ ལ་ནད་དུག་ཕོག་སྟེ་སྨན་ཁང་དུ་ཡོད་འདུག

ཨ་སམ་མངའ་སྡེའི་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། རྐྱེན་འདས་སུ་སོང་བའི་མི་དེ་དག་གིས་གྲོང་གསེབ་ནས་ཐོན་སྐྱེད་བྱས་པའི་ཁྲིམས་མཐུན་མིན་པའི་ཆང་རིགས་ཤིག་བཏུང་ནས་ཤི་ཡོད་པ་དང་།  རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཁྲོད་ཕོ་མོ་གཉིས་ཀ་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་ཤེས་རྟོགས་བྱུང་རྗེས་ཀྱང་མི་མང་པོ་ཞིག་རྐྱེན་འདས་སུ་སོང་ཡོད་པ་དང་། གཟའ་ཉི་མ་གཅིག་པོར་མི་གྲངས་ ༣༠ ལྷག་གྲོངས་ཡོད་པ་དང་། ཁོང་ཚོ་མང་ཆེ་བ་ཡུལ་དེའི་ཇ་ཞིང་ཁྲོད་ལས་ཀ་གཉེར་མཁན་དང་མི་ཚང་སྐྱོ་བོའི་ནང་མི་ཡིན་སྐོར་བརྗོད་འདུག

ཨ་སམ་མངའ་སྡེའི་གྷོ་ལཱ་གྷ་ཊི(Golaghat)རྫོང་ནི་ཆང་དུག་བྱུང་ཡུལ་ཐོག་མ་དེ་ཡིན་པ་དང་། གནས་ཚུལ་བྱུང་རྗེས་ཉེན་རྟོག་པས་ས་གནས་ཁྱིམ་ཚང་ཞིག་གི་ནང་དུག་རྫས་ཅན་གྱི་ཆང་དེ་ལས་སྣོན་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཆང་ལེ་ཊིར་ ༡.༥ རྙེད་སོན་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་།  སྨན་ཁང་ཁག་གི་སྨན་པ་ཚོས་ནད་པ་མང་ཆེ་བ་སྨན་ཁང་དུ་སླེབས་དུས་ཞེ་མེར་ལངས་པ་དང་སྦུག་འཚང་པ། བྲང་ཁར་ན་ཟུག་རྒྱག་པ་སོགས་ཀྱི་ནད་རྟགས་ཡོད་པ་དང་། ཁོ་ཚོས་བཏུང་བའི་ཆང་ནང་དུ་ཁྲིམས་འགལ་རིགས་ཀྱི་རྫས་ཤིག་བརྒྱབས་ཡོད་པ་དང་། རྫས་དུག་དེས་མིའི་ནང་འཁྲོལ་ལ་སྐྱོན་ཤོར་ནས་ནུས་མེད་དུ་གཏོང་གི་ཡོད་སྐོར་བརྗོད་འདུག

རྒྱ་གར་ནང་དུག་རྫས་ཅན་གྱི་ཆང་གིས་མི་བསད་པའི་གནས་ཚུལ་བསྟུད་མར་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་ནུབ་བྷང་གྷལ་ནང་གྲོང་གསེབ་ནས་ཁྲིམས་འགལ་ངང་ཐོན་སྐྱེད་བྱས་པའི་ཆང་ཞིག་ཁྲོམ་རར་བཙོང་ནས་མི་ ༡༧༠ ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དང་། རྒྱ་གར་ནང་ལོ་རེ་བཞིན་ཆང་ལ་བཀག་སྡོམ་དང་ཆང་རིན་ཤུགས་ཆེར་སྤར་བ་སོགས་ཀྱིས་མི་མང་སྐྱོ་བོ་ཚོས་ཆང་ཚད་ལྡན་དག་ཉོ་མ་ཐུབ་པའི་རྐྱེན་གྱིས། ཁྲིམས་འགལ་གྱི་ཐོག་ནས་ཐོན་སྐྱེད་བྱས་པའི་ཆང་དགོས་བྱུང་བ་དང་།  ཆང་དེ་དག་ནང་བཟི་ཁ་ཆེ་བའི་རྫས་རིགས་སྣ་ཚོགས་བརྒྱབས་པ་སོགས་ཀྱིས་མི་མང་པོ་རྐྱེན་འདས་སུ་འགྲོ་ཡི་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོ་ནས་རྒྱ་གར་ནང་ཆང་ཉོ་ཚོང་ཐད་གཞུང་ཕྱོགས་ནས་བཀག་སྡོམ་བྱེད་མགོ་ཚུགས་ཡོད་པ་དང་། ཆང་འཐུང་མཁན་ལ་ལོ་ཚོད་ཐད་མངའ་སྡེ་ཚང་མའི་ཁྲིམས་གཅིག་མཚུངས་མིན་ན་ཡང་སྤྱི་ཡོངས་ནས་ཆང་འཐུང་མཁན་ལོ་ན ༢༠ སྒང་ལ་ཡིན་དགོས་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༦ ལོ་བྷི་ཧར་མངའ་སྡེའི་ནང་ཆང་ཉོ་འཚོང་བཀག་སྡོམ་བྱས་རྗེས་ཟླ་གཅིག་ཙམ་ཡང་མ་འགོར་བར་གྲོང་གསེབ་ནས་ཐོན་སྐྱེད་བྱས་པའི་ཆང་རིགས་རྫུན་མ་མང་པོ་བཙོང་སྟེ་མི་ ༡༦ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་བཏོན་པའི་སྙན་ཐོ་ལྟར་ན། རྒྱ་གར་ནང་ལོ་རེར་མི་གྲངས་འབུམ་ ༡ ལྷག་རེ་ཆང་གིས་རྐྱེན་འདས་དང་། མི་གྲངས་ ༣༠༠༠༠ ཆང་རག་གིས་སྐྲན་ནད་ཕོག་སྟེ་འདས་གྲོངས་ཕྱིན་པ། མི་གྲངས་འབུམ་ ༡.༢ ཆང་རག་གིས་མཆིན་པ་དང་ནང་སྣོད་ལ་སྐྱོན་བྱུང་ནས་གྲོངས་ཡོད་པ་དང་། འདས་གྲོངས་སུ་ཕྱིན་པ་བརྒྱ་ཆ་མང་ཤོས་ན་གཞོན་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༢/༢༥

Leave a Reply