ཨ་བྱང་གི་མཇལ་མོལ་ཐེངས་གཉིས་པ་གྲོས་ཆོད་མེད་པར་མཇུག་བསྡུས།

ཨ་རི་དང་བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་ཉིན་གཉིས་རིང་མཇལ་མོལ་གནང་མཐར་གྲོས་ཆོད་འཇོག་ཐུབ་མེད་ཀྱང་མ་འོངས་པར་མཇལ་མོལ་རྒྱུན་སྐྱོང་གནང་རྒྱུ་ཡིན་ཞེས་བསྒྲགས་འདུགཁ་སང་ཕྱི་ཚེས་ ༢༧ དང་ ༢༨ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་ཝི་ཏི་ནམ་གྱི་རྒྱལ་ས་ཧ་ནོ་(Hanoi)རུ་མཇལ་མོལ་ཐེངས་གཉིས་པ་གནང་ཡོད་པ་དང་། མཇལ་མོལ་སྐབས་ཕྱོགས་གཉིས་ནས་ཀོ་རི་ཡའི་མངའ་ཁུལ་བརྟན་ལྷིང་གཙོས་རྡུལ་ཕྲན་མཚོན་ཆ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་སྐོར་ལ་གླེང་མོལ་བྱས་རྗེས། དེ་རིང་ཞོགས་པར་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་སྲིད་འཛིན་གཉིས་ཀྱིས་གྲོས་ཆོད་ཅིག་ལ་མཚན་རྟགས་འགོད་པའི་གསར་འགོད་ལྷན་ཚོགས་ཤིག་སྐོང་འཆར་ཡོད་པའི་སྐད་ཆ་བྱུང་ཡོད་ཀྱང་། ཕྱིས་སུ་གསར་འགོད་ལྷན་ཚོགས་དེ་ཚོགས་མེད་པ་དང་། དེའི་སྐོར་ལ་ཨ་རིའི་དྲིལ་བསྒྲགས་དྲུང་ཆེ་ས་ར་སན་ཌར་སི་ལགས་ཀྱིས། ད་ལན་སྲིད་འཛིན་གཉིས་བར་གྲོས་ཆོད་འཇོག་ཐུབ་མེད་ཀྱང་མ་འོངས་པར་མཇལ་མོལ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

ད་ལན་གྱི་ཉིན་གྲངས་གཉིས་རིང་གི་མཇལ་མོལ་ཐོག་གྲོས་ཆོད་གང་ཡང་འཇོག་ཐུབ་མེད་པའི་གནས་ཚུལ་ཐོན་པ་དང་སྦྲགས། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཕྱོགས་གཉིས་ཀྱི་མཇལ་མོལ་ལ་རེ་འདུན་ཆེ་དྲགས་རྐྱེན་མཐའ་མའི་ཐག་གཅོད་ཅིག་བྱུང་ཐུབ་མེད་སྐོར་དང་། དེ་བཞིན་མཐའ་མའི་མཇལ་མོལ་སྐབས་ཊོམ་ཕུ་མཆོག་ཚོགས་འདུ་ལས་ཕྱིར་ཐོན་ཕྱིན་པ་དེས་ཕྱོགས་གཉིས་བར་ཧེ་བག་ཆེན་པོ་ཤོར་ཡོད་པ་བསྟན་ཡོད་སྐོར་སོགས་བརྗོད་འདུག

ཁ་སང་སྲིད་འཛིན་རྣམ་གཉིས་ནས་སྐར་མ་ ༣༠ རིང་གི་གསར་འགོད་ལྷན་ཚོགས་བསྐོངས་བའི་སྐབས་ཀེམ་ཇོང་ཨན་གྱིས། གལ་སྲིད་ངས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་འདོད་མེད་ཚེ་དེ་རིང་འདིར་ཡོང་མི་སྲིད་པ་ཡིན།  ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་བློ་སྟོབས་ཆེན་པོས་ཆབ་སྲིད་ཀྱི་ཐག་གཅོད་འདི་འདྲ་ཞིག་བླངས་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀེམ་ཇོང་ཨན་ལ་ངས་ནི་ཁྱོད་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཞིག་གི་མགོ་འཁྲིད་ཡག་པོ་ཞིག་དང་། ཁྱེད་ཀྱི་རྒྱལ་ཁབ་ལ་དཔལ་འབྱོར་གྱི་ནུས་སྟོབས་ཆེན་པོ་ཡོད་པར་མཐོང་ལ། མ་འོངས་པའི་མདུན་ལམ་དེ་བས་ཀྱང་ལེགས་པོ་ཡོད་པར་མཐོང་གི་འདུག་པས། ང་ཚོས་དེ་རིང་འདིར་དེ་དག་མངོན་འགྱུར་བྱེད་དགོས། ཞེས་བརྗོད་ཡོད་འདུག

གསར་འགོད་ལྷན་ཚོགས་དེ་བསྐོངས་རྗེས་ཆབ་སྲིད་དཔྱད་བརྗོད་པ་ཚོས། སྔར་བཞིན་ཐེངས་འདིའི་མཇལ་མོལ་གྱི་མཐར་ཐུག་གི་རྒྱལ་ཁ་ལེན་མཁན་ཀེམ་ཇོང་ཨན་ཡིན་པ་དང་། ཁོས་དེ་སྔོན་སང་གྷ་པོར་དུ་བཤད་པའི་སྐད་ཆ་དག་བསྐྱར་ཟློས་ཀྱིས་གར་འཁྲབ་སྟེ། ཨ་རིར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་མངོན་འདོད་ཡོད་པ་བརྒྱུད། རྒྱལ་སྤྱིའི་ནང་རྒྱལ་སྲིད་འབྲེལ་ལམ་གསར་འཛུགས་ཀྱི་གོ་སྐབས་དང་། ཚོང་ལས་ཡར་རྒྱས། དེ་བཞིན། རྒྱལ་ཚོགས་ཀྱི་དོ་དམ་འོག་རྒྱ་ནག་དང་ལྷོ་ཀོ་རི་ཡ་སོགས་ནས་ཉེས་ཆད་གུ་ཡངས་སོགས་ཀྱི་ཁེ་ཕན་ལེན་གྱི་ཡོད་སྐོར་སོགས་བརྗོད་ཀྱི་འདུག

ཡང་ཊོམ་ཕུ་མཆོག་དང་ཀེམ་ཇོང་ཨན་གྱི་དགོངས་ཚིགས་ཐོག་གསར་འགོད་པ་བཀག་སྡོམ་བྱས་པའི་གནས་ཚུལ་གྱི་ཐད་གསར་འགོད་རང་དབང་ལ་རྡོག་རོལ་བཏང་བའི་སྐྱོན་བརྗོད་མང་པོ་ཡོང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། བྱང་ཀོ་རི་ཡ་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཨང་ ༡༨༠ སྟེ་རྒྱལ་ཁབ་མཐའ་མ་དེ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ད་བར་ཀེམ་ཇོང་ཨན་གྱིས་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་(KFC)མ་གཏོགས་ཕྱི་རྒྱལ་གྱི་གསར་འགོད་པར་ལན་འདེབས་བྱས་པའི་ལམ་སྲོལ་གཅིག་ཀྱང་མེད་ནའང་། ད་རེས་གསར་འགོད་ལྷན་ཚོགས་ཐོག་ཀེམ་ཇོང་ཨན་གྱིས་ཨ་རིའི་ཝ་ཤིན་ཊོན་གྱི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པ་དང་། དེ་ནི་ཀེམ་ཇོང་ཨན་གྱི་ཕྱི་རྒྱལ་གསར་འགོད་པར་ལན་འདེབས་བྱས་པ་ཐོག་མ་དེ་ཆགས་ཡོད་སྐོར་བརྗོད་ཀྱི་འདུག

ཉེ་སྔོན་ཝི་ཏི་ནམ་དང་ཨ་རིའི་བར་མཁའ་དབྱིངས་འགྲུལ་སྐྱོད་ཐོག་ཚོང་འབྲེལ་གྲོས་ཆོད་བཞག་ཡོད་པ་དང་། ཝི་ཏི་ནམ་ཐེངས་འདིའི་མཇལ་མོལ་བྱ་ཡུལ་དུ་བདམས་པ་ནི་ཕྱོགས་གཅིག་ནས་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་འཕེལ་རྒྱས་ལྟར་ཝི་ཏི་ནམ་དང་ཨ་རིའི་བར་གྱི་འདས་པའི་ཤ་འཁོན་ཟུར་དུ་འཇོག་པ་དང་། ཕྱོགས་གཉིས་ནས་ཝི་ཏི་ནམ་ནི་ཨེ་ཤ་ཡའི་ཚོང་ལས་སྟོབས་འབྱོར་རྒྱས་བཞིན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཨ་རི་གཙོས་འཛམ་གླིང་རྒྱལ་ཁབ་གཞན་དང་ལྷན་དུ་ཚོང་ལས་འབྲེལ་ལམ་འཛུགས་འདོད་ཡོད་པ་བསྟན་ཡོད་སྐོར་སོགས་བརྗོད་ཀྱི་འདུག་ལ། དེ་བཞིན་ཐེངས་འདིའི་མཇལ་མོལ་བྱ་ཡུལ་གསོལ་མགྲོན་ཁང་(Metropole)ནི་ཕྱི་ལོ་ ༡༩༠༡ ལོ་གསར་འཛུགས་བྱས་ཏེ།

འཛམ་གླིང་དམག་ཆེན་རིམ་པ་ནས་ད་བར་འཛམ་གླིང་གི་ཆབ་སྲིད་པ་དང་སྒྱུ་རྩལ་བ། རྩོམ་པ་པོ་སོགས་གནད་ཡོད་མི་སྣ་མང་པོ་བསྡད་མྱོང་བའི་མགྲོན་ཁང་ཞིག་ཡིན་པ་དང་། མགྲོན་ཁང་དེའི་ནང་ཨ་རིའི་སྲིད་འཛིན་ཟུར་པ་བྷིལ་ཁུ་ལིན་ཊོན་ (Bill Clinton)དང་། དགོད་སྤྲོའི་འཁྲབ་སྟོན་པ་གྲགས་ཅན་ ཆ་ལེ་ཆ་ཕུ་ལིན་(Charlie Chaplin)། སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་གྷི་ར་ཧམ་གྷི་རེ་ནས(Graham Greene)། ངོ་དེབ་གསར་གཏོད་པ་མར་ཁུ་ཛག་བྷག(Mark Zuckerberg)། ཨ་རིའི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཇའེ་ནེ་ཧྤོན་ཌ་(Jane Fonda)སོགས་བསྡད་མྱོང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༢༨

Leave a Reply to སྲས་སྐུ་ངོ་། Cancel Reply

3 thoughts on “ཨ་བྱང་གི་མཇལ་མོལ་ཐེངས་གཉིས་པ་གྲོས་ཆོད་མེད་པར་མཇུག་བསྡུས།

  1. སེམས་ཀྱི་ཁ་ལོ་བ།

    མདོར་ན་ཨ་རི་ནི་དེང་སང་འཛམ་གླིང་ན་མེད་ཐབས་མེད་པའི་རྒྱལ་ཁབ་ཅིག་རེད གལ་སྲིད་ཨ་རི་མེད་ ཚེ།
    རྒྱ་ནག་པོ་ཚང་གིས་འགྲོ་བ་མིའི་རང་དབང་རྩ་བརླག་ཏུ་གཏོར་སྲིད།

  2. སེམས་ཀྱི་ཁ་ལོ་བ།

    མདོར་ན་ཨ་རི་ནི་དེང་སང་འཛམ་གླིང་ན་མེད་ཐབས་མེད་པའི་རྒྱལ་ཁབ་ཅིག་རེད གལ་སྲིད་ཨ་རི་མེད་ ཚེ།
    རྒྱ་ནག་པོ་ཚང་གིས་འགྲོ་བ་མིའི་རང་དབང་རཉཙ་བརཉལག་ཏུ་གཏོར་སྲིད།

  3. སྲས་སྐུ་ངོ་།

    གྲོས་མོལ་ལམ་འགྲོ་མ་རྒྱུགས་པའི་རྒྱུ་མཚན་གཙོ་བོ་ནི། བྱང་ཀོ་རི་ཡ་ཕྱོགས་ནས་དང་པོ་ཨ་རིས་བྱང་ཀོ་རི་ཡ་ལ་བཏང་བའི་དཔལ་འབྱོར་ཉེས་ཆད་ཚང་མ་ཕྱིར་འཐེན་བྱེད་དགོས་པ་དང་། དེ་རྗེས་བྱང་ཀོ་རི་ཡས་ག་ལེར་རྡུལ་མཚོན་བཟོ་གྲྭ་དང་བཟོས་ཟིན་པའི་རྡུལ་མཚོན། མེ་ཤུགས་འཕུར་མདའ་སོགས་རྩ་མེད་བཟོ་རྒྱུ་ཡིན་པའི་དགོས་འདུན་འདོན་བཏོན་པ་་དང་། ཨ་རིས་དེ་ལས་ལྡོག་ནས་དང་པོ་བྱང་་ཀོ་རི་ཡས་རྡུལ་མཚོན་སོགས་རྩ་མེད་བཏང་རྗེས་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་མ་ཟད་། བྱང་ཀོ་རི་ཡ་ལ་འཛུགས་སྐྲུན་སོགས་ལ་རོགས་རམ་བྱ་རྒྱུ་ཡིན་པར་ཆ་རྐྱེན་བྱང་ཀོ་རི་ཡས་མོས་མཐུན་མ་བྱུང་སྟབས། ཨ་རིའི་སྲིད་འཛིན་གྲོས་མོལ་ཚོགས་འདུ་ལས་ཡར་ལངས་ནས་ཕྱིན་པ་དང་གྲོས་མོལ་མཇུག་རྫོགས་པ་ཞིག་རེད་འདུག