མིའི་རྣམ་དཔྱོད་ཁྱད་པར་བ་དེ་ཉོན་མོངས་ཀྱི་དབང་དུ་བཏང་ན་དཔེ་ཐབས་སྐྱོ་བོ་རེད།

༧གོང་ས་མཆོག་གིས་བར་སྐབས་སོག་པོའི་ནང་སངས་རྒྱས་པའི་བསྟན་པ་ཏོག་ཙམ་ཉམས་ཆགས་ཕྱིན་ཡོད་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་བསྐྱར་གསོ་བྱེད་པ་དེ་ཆོས་ལུགས་གསར་པ་སྤེལ་རྒྱུའི་སྐད་ཆ་མིན་སྐོར་གསུངས།སོག་པོའི་དད་ལྡན་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བརྙན་ལམ་བརྒྱུད་སོག་པོའི་དད་ལྡན་ཆོས་ཞུ་བ་ ༤༠༠༠ ལྷག་ལ་ཁ་སང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་དང་། དེ་རིང་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་བཀའ་དྲིན་བསྩལ་བ་དང་། དེ་བཞིན་དད་ལྡན་ཆོས་ཞུ་བའི་དྲི་བར་བཀའ་ལན་བཅས་བསྩལ་གནང་ཡོད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དད་ལྡན་ཆོས་ཞུ་བ་རྣམས་བཀའ་སློབ་བསྩལ་སྐབས། ཁྱེད་རང་ཚོ་སོག་པོར་ཆ་བཞག་ན། སངས་རྒྱས་པའི་བསྟན་པ་རྐང་འཇགས་ཡུལ་གཅིག་ཏུ་ཁྱབ་བསྡད་མཁན་ཞིག་ད་བར་སྐབས་ཉམས་ཆགས་ཕྱིན་བསྡད་ཡོད་རེད།  དེར་བརྟེན། ཁྱེད་རང་ཚོ་སོག་པོ་གཙོ་བོར་གྱུར་བའི་ཕར་ཡུལ་གྲུ་ཁག་མང་པོ་ཞིག་གི་སངས་རྒྱས་པའི་བསྟན་པ་བར་སྐབས་ཏོག་ཙམ་ཉམས་ཆགས་ཕྱིན་བསྡད་པའི་ཡུལ་གྲུ་དེ་ཚོའི་གྲས་ལ་ང་ཚོའི་སངས་རྒྱས་པའི་ཆོས་དེ་སོ་སོའི་ཕ་མེས་ཀྱི་ཆོས་ཆགས་བསྡད་ཡོད་རེད། དེ་བར་སྐབས་ཉམས་ཆགས་ཕྱིན་བསྡད་པ་དེ་ཡར་བསྐྱར་གསོ་བྱེད་རྒྱུའི་སྐད་ཆ་རེད་མ་གཏོགས་ཆོས་ལུགས་གསར་པ་སྤེལ་རྒྱུའི་སྐད་ཆ་གང་ཡང་མ་རེད།  ཤེས་སོང་ངམ། དེར་བརྟེན། ཁྱབ་ཀྱང་ཉམས་པར་གྱུར་བའི་ཆོས་དེ་ཉིད། ཕན་བདེ་གཏན་དུ་སེལ་བར་བྱས་པར་ཤོག་ཟེར་གྱི་ཡོད་རེད། ཅེས་གསུངས།

སྐྱེས་པ་ཕྱི་མར་ལུས་རྟེན་ཁྱད་པར་བ་ཞིག་འཐོབ་པར་ཚེ་འདིར་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེན་ཡིན་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་དངོས་པོ་རྐྱང་རྐྱང་བསམ་བློ་བཏང་ནས་ལྟོ་གོས་གཏམ་གསུམ་རྐྱང་རྐྱང་ལ་བསམ་བློ་བཏང་བཞག་པ་དེས་ཚེ་འདིར་སེམས་ལ་ཞི་བདེ་ཡོང་རྒྱུ་གང་ཡང་མི་འདུག་གཱ།  དངོས་པོ་རྐྱང་རྐྱང་བསམ་བློ་བཏང་ནས་ལྟོ་གོས་གཏམ་གསུམ་རྐྱང་རྐྱང་ལ་བསམ་བློ་བཏང་ཡོང་དུས་སེམས་ག་དུས་ཡིན་ན་ཏོག་ཙམ་འཁྲུག་བསྡད་པ་ཅིག སེམས་ཁྲལ་མེད་པའི་སེམས་ཁྲལ་བྱས་ནས་བསྡད་འདུག་རྒྱུ་ཞིག་ཡོང་གི་འདུག ད་ཆོས་ཕྱོགས་ཀྱི་ཐོག་ནས་བསམ་བློ་ཏོག་ཙམ་ཡོད་པ་ཡིན་ན། ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱི་མཚོན་པའི་དེ་ཚོའི་གྲས་ཞེ་དྲགས་སྙིང་པོ་ཡོད་པ་ཞིག་གས་རེད་མི་འདུག་གཱ། གལ་ཆེ་ཤོས་དེ་འཆི་བའི་ཁ་ཐུག་ལ་ཚེ་འདིའི་ལྟོ་གོས་གཏམ་གསུམ་ག་འདྲ་བཟང་པོ་ཞིག་ཡོད་པ་ཡིན་ནའང་ཕན་ཐོགས་གང་ཡང་མི་འདུག་གཱ། ཤི་བའི་ཁ་ཐུག་ལ་སོ་སོའི་སེམས་རྒྱུད་ལ་དགེ་བའི་བློ་ཡི་བག་ཆགས་ཤིག་ཡོད་པ་ཡིན་ན་དེས་ཕན་གྱི་རེད་མ་གཏོགས། གཞན་ལུས་དེ་དང་འབྲེལ་བའི་དངོས་པོ་ཡར་རྒྱས་ག་ཚོད་ཡོད་ནའང་ཕན་ཐོགས་གང་ཡང་མི་འདུག དེ་དངོས་ཡོད་གནས་ཚུལ་རེད་བཱ། ཤེས་སོང་བ། ཡ་གི་འབྱོར་ལྡན་ཞེ་དྲགས་ཤིག་ཤི་བ་དང་། མ་གི་སྲང་ལམ་སྟེང་གི་ཁྱི་ཞིག་ཤི་བ་གཉིས་གཅིག་པ་གཅིག་པ་རེད། ཁྱད་པར་གང་ཡང་མི་འདུག  ད་སེམས་གཏིང་ནས་དགེ་བའི་བློ་ཞིག་བསྒྲུབ་ནས་འཆི་ཁ་ལ་མོར་དགེ་སེམས་ཁྱད་པར་ཅན་ཞིག་སྐྱེས། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་འདྲ་བསམ་བློ་བཏང་། དེའི་སྒང་ལ་ལྷ་ཡི་རྣལ་འབྱོར་མ་དེ་འདྲ་བསམ་བློ་གཏང་རྒྱུ་ཡོད་པ་ཡིན་ན། ཀ་གདམ་གོང་མ་ཚོས་གསུང་གི་ཡོད་རེད། ཆོས་པ་རབ། འཆི་བ་ལ་འཁྲོལ། འབྲིང་མི་གསལ། མཐའ་མ་མི་འགྱུར་ཞེས་གསུངས་ཡོད་རེད། ཆོས་ཀྱི་ཉམས་ལེན་དངོས་གནས་གཏན་འཁེལ་བ་ཡོད་བསྡད་མཁན་ཞིག་གིས་བྱང་ཆུབ་ཀྱི་སེམས་སྒོམ་ཡོང་དུས་སྐལ་བ་དུ་མར་རེ་སྐོང་མཛད་པ་ཡིས། ཐུབ་དབང་རྣམ་གྱིས་དེ་ཉིད་མཛད་པ་ཡིན། ཞེས་གསུངས་པ་ནང་བཞིན་རེད། བྱང་ཆུབ་ཀྱི་སེམས་སྒོམ་ན། ཚོགས་ཀྱང་ཁོ་རང་གི་གསོགས། སྡུག་པ་གཤེགས་དགོས་ཡོད་ན་ཁོ་རང་གིས་གཤེགས་གསུང་བ་ནང་བཞིན། རང་དོན་སྒྲུབ་པ་བྱང་ཆུབ་ཀྱི་སེམས་ཁོ་རང་གིས་བྱས། གཞན་དོན་སྒྲུབ་པ་བྱང་ཆུབ་ཀྱི་སེམས་ཁོ་རང་གིས་བྱས་གསུངས་པ་དེ་རེད། འཆི་ཁ་ལ་མོར་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཡག་པོ་ཞིག་བཏང་། དེ་དང་ཆབ་གཅིག་ཆོས་སྐུ་སྒྱུ་མ་ལྟ་བུ་བསམ་བློ་ཡག་པོ་ཞིག་བཏང་། དེ་འདྲ་ཞིག་གི་ངང་ནས་རྣམ་ཤེས་འཕོས་པ་ཡིན་ན། ཕྱི་མ་སྔོན་འགྲོའི་ལུས་རྟེན་ཁྱད་པར་བ་ཞིག་འཐོབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། ཅེས་གསུངས།མིར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་པ་ཉོན་མོངས་ཀྱི་དབང་དུ་བཏང་ན་དུད་འགྲོ་ལས་ཀྱང་ཐབས་སྐྱོ་བོ་ཡིན་སྐོར་ལ་༧ ཁོང་གིས། ད་ལྟ་ང་རང་ཚོར་བསམ་བློ་ཡག་པོ་གཏོང་རྒྱུ་བྱུང་མེད་ན། ང་རང་ཚོར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྣམ་དཔྱོད་ཡོད་བསྡད་པ་དེ་ཉོན་མོངས་ཀྱི་གྲོགས་སུ་ཕྱིན་ནས་མི་དྲན་དགུ་དྲན་ཚ་བོ།  གཡོ་སྒྱུ་ཚ་བོ། རྒྱབ་མདུན་ངོ་ལྐོག དེ་ནས་མི་ལ་ཐུབ་ཚོད་དང་མགོ་སྐོར་བཏང་། དེ་དག་མིའི་རྣམ་དཔྱོད་ཀྱི་ཐོག་ནས་ཡོང་བསྡད་འདུག་གཱ།  དེར་བརྟེན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཉོན་མོངས་པའི་བྲན་གཡོག་ཏུ་བཏང་ཡོང་དུས། མི་ལུས་ཐོབ་པ་ལས་དུད་འགྲོའི་ལུས་རྟེན་འཐོབ་ན་ཡག་པའི་སྲོལ་འདྲ་པོ་རེད།  དུད་འགྲོ་ཉོོན་མོངས་སྐྱེས་ཀྱི་ཡོད་རེད་དེ། དེ་འདྲའི་གཞན་མང་པོར་མགོ་སྐོར་དང་་གཡོ་སྒྱུ་བྱེད་རྒྱུ་ཞེ་དྲགས་ཡོང་གི་ཡོད་མ་རེད། ཕྲན་བུ་ཕྲན་བུ་བྱས་ཡོད་རེད་མ་གཏོགས། དཔེར་ན་འཛམ་བུ་གླིང་གི་ལོ་རྒྱུས་ལ་བལྟས་པ་ཡིན་ན། དམག་འཁྲུག་བརྒྱབས་ཟེར་བ་དེ་མིའི་སྤྱི་ཚོགས་ནང་མ་གཏོགས་དུད་འགྲོའི་སྤྱི་ཚོགས་ནང་མི་འདུག་གཱ། སྟག་དང་གཟིག འདམ་སེང་སོགས་ཤ་ཟ་མཁན་དེ་ཚོའི་གྲས་གཟུགས་པོའི་འགྲོ་སྟངས་ཁོ་རང་མཆེ་བ་གཙིགས། སྡེར་མོ་ཡོད་བསྡད་པའི་རིགས་དེ་ཚོས་སོ་སོའི་གྲོད་ཁོག་ལྟོགས་པའི་སྐབས་སུ་ཟ་ཡི་ཡོད་པ་རེད་མ་གཏོགས་དེ་འདྲའི་གཞན་ལ་གནོད་པ་སྐྱེལ་ནས་བྱེད་ཀྱི་མི་འདུག་གཱ། ང་ཚོ་མིའི་སྤྱི་ཚོགས་ནང་ལ་སོ་སོའི་འཕྲལ་སེལ་གྱི་སྐད་ཆ་གཅིག་པོ་མ་ཡིན་པར་གཏམ་དང་དབང་ཆ་སོགས་མང་པོ་ཞིག་གིས་མི་ལ་མགོ་སྐོར་གཏོང་རྒྱུ་དང་ཐུབ་ཚོད་གཏོང་རྒྱུ་དེ་ཚོའི་གྲས་དེ་ཡོང་བསྡད་ཀྱི་འདུག དེ་དག་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་བསྡད་པ་དེ་ཉོན་མོངས་ཀྱི་དབང་དུ་བཏང་ན་དཔེ་ཐབས་སྐྱོ་བོ་རེད། དེ་དགེ་བའི་ལས་གཞན་དབང་དུ་གཏང་ཐུབ་ན་ཆོས་བྱས་ཟེར་བ་དེ་རེད།  ཅེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༠༡

Leave a Reply