བཙན་བྱོལ་གཞུང་མང་གཉིས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་གཙི་གནང་།

བོད་ནང་གི་ཛ་དྲག་གནས་སྟངས་ལ་བསམ་ན་ང་ཚོས་ལས་དོན་བྱས་པ་ལས་བྱེད་རྒྱུ་མང་བ་འདུག་པས་ཕྱི་ལོ་ ༢༠༡༩ ལོ་ནི་བཀའ་ཤག་གིས་ལག་བསྟར་དམ་བཅའི་ལོར་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ཡིན་ཞེས་གསུངས། འཛམ་གླིང་གི་ཡུལ་ལུང་གང་སར་གནས་སྡོད་བྱས་ཡོད་པའི་བཙན་བྱོལ་བོད་མི་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་གཙི་གནང་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་དུས་དྲན་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་སྐུ་མགྲོན་གཙོ་བོར་ཨ་ཧྥེ་རི་ཀའི་བྷོད་སཱ་ནཱའི་ (Botswana)སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁཱ་མཱ་(Seretse Khama Ian Khama)མཆོག་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏ་ཀུ་མར་(Shanta Kumar)མཆོག   ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་(Thomas Mann)མཆོག དེ་བཞིན་འཇར་མན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་བྷི་རན་( Michael Brand)མཆོག་དང་། ཁ་ན་ཌའི་གྲོས་ཚོགས་འཐུས་མི་གྷར་ནི་ཊི་ཇི་ནུ་སི་(Garnett Genuis)མཆོག་དང་། ལིན་ཌཱ་ཌོན་ཁན་(Linda Duncan)མཆོག ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་མེ་ནུ་ཡས་(Mei Nu Yu)མཆོག སི་ལོ་ཝ་ཁི་ཡ་(Silovakia)ནས་ལྕམ་ལུའུ་སི་ཡ་ཌོ་རི་སི་ནི་ཆོལ་སོ་ནོ་ཝཱ(Lucia Duris Nicholsonova)དང་མར་ཊིན་ཕོ་ལི་ཡ་སིག་(Martin Poliacik) མཆོག  ཨི་ཊ་ལི་ནས་ཨེན་ཐོ་ནི་ལཱ་ཨན་སིར་ཊི་(Antonella Incerti) མཆོག    ལྷོ་ཨ་མི་རི་ཀའི་ཕེ་རུ་(Peru)རྒྱལ་ཁབ་ནས་སྐུ་ཞབས་ཨེལ་བྷི་ཐོ་ཌི་བྷི་ལུན་ཌི་(Albeto de Belaunde)མཆོག  ལྷོ་ཨ་ཧྥེ་རི་ཀ་(South Africa) ནས་ལྕམ་སེན་ཌི་ཀལ་ཡན་(Sandy Kalyan) མཆོག་སོགས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ ༡༤ ཙམ་ཆེད་དུ་ཕེབས་འདུག་པ་དང་། གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད། དྷ་སའི་ཉེ་འཁོར་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ཉེ་ཁུལ་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན། དྷ་སའི་སེར་སྐྱ་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མི་གྲངས་ ༣༠༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་ཡོངས་བོད་མིའི་སྒེར་ལངས་ཆེན་མོ་ཞིག་བྱུང་བ་དང་། དེ་ཉིན་རྒྱ་དམར་གྱིས་བོད་རིགས་སྤུན་ཟླ་མང་པོའི་ཚེ་སྲོག་འཕྲོག་པ་དང་། རྨས་པ། བཙོན་དུ་བཅུག་པ། རྡུང་རྡེག་དྲག་པོ་བཏང་བ་སོགས་དམྱལ་བ་མི་ཡུལ་དུ་མྱངས་པ་ལྟ་བུའི་མནར་གཅོད་བསམ་ཡུལ་ལས་འདས་པ་བཏང་སྟེ་དེ་རིང་གི་ཉིན་མོར་མི་ལོ་ ༦༠ ཧྲིལ་པོ་འཁོར་བཞིན་ཡོད། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་གཙོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་དེ་རིང་གི་ཉིན་མོར་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་ཡོངས་ནས་རྗེས་དྲན་དང་། དུས་ད་ལྟའང་བོད་ནང་རྒྱ་ནག་དམར་གཞུང་གི་ངན་པའི་སྲིད་བྱུས་འོག་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོ་བཅས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༥༩ ལོའི་རྒྱལ་ཡོངས་སྒེར་ལངས་རྗེས་ནས་འདས་ལོ་དྲུག་ཅུའི་ནང་རྒྱ་ནག་དམར་ཤོག་རིང་ལུགས་པས་བོད་ས་ཡོངས་རྫོགས་དྲག་པོས་ཧམ་བཟུང་བྱས་ཏེ་བོད་མི་ས་ཡ་མང་པོ་དུས་མིན་རྐྱེན་འདས་སུ་བཏང་ཡོད། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྩ་མེད་གཏོང་ཆེད་ཐོག་མར་ ༡༩༥༦ ལོར་མང་གཙོ་བཅོས་སྒྱུར་དང་། ༡༩༦༦ ལོ་ནས་རིག་གནས་གསར་བརྗེ། ༡༩༧༩ ནས་ ༡༩༨༥ བར་དཔལ་འབྱོར་སྒོ་དབྱེ། ༡༩༨༦ ནས་ ༡༩༩༡ བར་བོད་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་རྒྱུ་ལོ་ལྔ་ཚན་བདུན་པའི་ལས་འཆར་ལ་སོགས་པའི་སྲིད་བྱུས་འདྲ་མིན་འོག་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་མང་པོ་གཏོར་བཤིག་བཏང་བ་དང་། བོད་མི་ནང་ཁུལ་འཐབ་འཛིང་བྱེད་དུ་བཅུག་སྟེ་ནང་ཁུལ་གསོད་རེས་བྱེད་དུ་བཅུག་པ། ༡༩༦༨ ནས་ ༡༩༧༣ བར་བོད་ནང་སྔར་བྱུང་མ་མྱོང་བའི་མུ་གེ་ཚབས་ཆེ་བྱུང་རྐྱེན་བོད་མི་སྟོང་ཕྲག་ ༣༤༠ ལྷག་ལྟོགས་ཤིར་ཐེབས་སུ་བཅུག་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་སེར་སྣ་མེད་པར་གཏོར་བཅོམ་བཏང་བ་དང་དོ་མི་སྙོམས་པའི་བསྒྱུར་བཅོས་སྣ་ཚོགས་བྱས་པ། རྒྱ་མི་ས་ཡ་མང་པོ་བོད་ནང་འོར་འདྲེན་གྱིས་བོད་དེ་རྒྱ་དམར་གྱི་མི་སེར་སྤེལ་ཡུལ་དུ་བསྒྱུར་ཐབས་བྱས་པ། མདོ་དོན་རྒྱ་དམར་གཞུང་གི་བཙན་དབང་གིས་བོད་མི་རིགས་ཀྱི་ངོ་བོ་འཛམ་གླིང་མཐོ་སྒང་བོད་ནས་རྩ་མེད་དམ་རྒྱ་རིགས་སུ་བསྒྱུར་རྒྱུ་སོགས་ཀྱི་ངན་བྱུས་སྣ་ཚོགས་སྒྲུབ་སླད། རྒྱ་ནག་དམར་ཤོག་གཞུང་འཛིན་པ་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ཉིན་རེ་བཞིན་ཇེ་སྡུག་ཇེ་རྩུབ་ཏུ་བཏང་སྟེ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་བཟོད་གླགས་མེད་པར་གྱུར་ཏེ་ཆོལ་གསུམ་བོད་མི་ཚོས་སེམས་ཤུགས་དང་སྙིང་སྟོབས་ལ་འཇིགས་ཞུམ་མེད་པར་དམ་ཚིག་གོང་བུ་ཆིག་བསྒྲིལ་གྱི་སྒོ་ནས་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་རྒྱ་གཞུང་གི་ངན་པའི་སྲིད་བྱུས་ལ་རྣམ་པ་འདྲ་མིན་གྱི་ལམ་ནས་གྱེན་ལངས་རིམ་པ་བྱས་ཡོད།

ཕྱི་ལོ་ ༡༩༨༧ ནང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་རྐྱེན་བོད་མི་མང་པོ་འཛིན་བཟུང་དང་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད། ༡༩༨༩ ཟླ་ ༣ ནང་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་གསུམ་ཁྱོན་དུ་རྫོང་ཁག་དགུ་བཅུ་ལྷག་ནས་རྒྱ་གཞུང་གི་བཙན་དབང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཆེན་མོ་ཞིག་སྤེལ་ཡོད། སྐབས་དེར་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་དམར་གསོད་བཏང་བ་དང་། རྨས་སྐྱོན་ཕོག་པ། དངུལ་གྱི་ཁྲིམས་ཆད་ཕོག་པ། དེ་བཞིན་མང་པོ་བཙོན་དུ་བཅུག་པ་བཅས་བྱུང་ཡོད། དེ་ནས་བཟུང་རྒྱ་ནག་དམར་ཤོག་གཞུང་འཛིན་པ་ཚོས་བོད་མིའི་ཁེ་ཕན་དང་དགོས་འདུན་སྣང་མེད་དང་ཁྱད་གསོད་མུ་མཐུད་བྱས་པར་སོང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྱོན་བསྡོམས་གྲངས་ ༡༥༣ ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། དེའི་ཁོངས་ནས་རྨས་སྐྱོན་ཕོག་པ་དང་གར་སོང་ཆ་མེད་སོང་བ་གྲངས་ ༢༢ དང་ ༡༣༡ འདས་གྲོངས་སུ་ཕྱིན་པ་བཅས་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། ཡང་སྙིང་རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་མི་ལོ་ ༦༠ སོང་བའི་རིང་གཞིས་ལུས་བོད་མི་ཚོར་རང་ཡུལ་ནང་འགྲོ་འདུག་སྤྱོད་གསུམ་གྱི་གཞི་རྩའི་འགྲོ་བ་མིའི་རང་དབང་གི་ཐོབ་ཐང་ཡེ་ནས་མེད་པར་མནར་གཅོད་དྲག་པོ་ཚད་མེད་བཏང་དང་གཏོང་བཞིན་ཡོད། ཅེས་གསུངས་སོང་།

གསུང་འཕྲིན་གྱི་མཇུག་ཏུ། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཡོངས་རྫོགས་གཏོར་བཤིག་གིས་བོད་རྒྱལ་ཁབ་དེ་འཛམ་གླིང་གི་ས་ཁྲའི་ནང་ནས་མཐོང་རྒྱུ་མེད་པ་བཟོ་ཐབས་ཀྱི་ངན་བྱུས་འདྲ་མིན་སྣ་ཚོགས་བྱས་དང་བྱེད་མུས་ཀྱང་། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ནས་འདས་པའི་དུས་ཡུན་དེའི་རིང་རང་དབང་འཐབ་རྩོད་དང་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་། གོམས་གཤིས་བཟང་པོ་སོགས་མི་ཉམས་རྒྱུན་འཛིན་གྱི་འབད་བརྩོན་ལྷོད་མེད་གནང་བར་བརྟེན་ད་ལྟའི་གནས་སྐབས་སུ་བོད་བསྟན་སྲིད་མི་རིགས་དང་བཅས་པ་གསོན་པོར་གནས་ཐུབ་པ་དེ་ནི་ལོ་ངོ་ ༦༠ རྗེས་ཀྱི་བོད་མི་ཚོའི་རྒྱལ་ཁ་ཡིན་པར་ངོས་འཛིན་ཆོག་པ་ཞིག་ཡིན། དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྒན་རབས་རྣམ་པས་ལྷག་བསམ་གཟོལ་མེད་ཀྱིས་སྐུ་ལས་བསྐྱོན་པའི་འབྲས་བཟང་ལ་སོང་དེ་རིང་གི་གོ་སྐབས་འདི་བརྒྱུད་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསོལ་འདེབས་ཞུ་རྒྱུ་ཡིན།

སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་དང་། འཚེ་མེད་ཞི་བའི་ཐབས་ལམ་ནི་བོད་ཀྱི་བདེན་དོན་གསལ་བའི་ཐབས་ལམ་འབའ་ཞིག་ཡིིན་པ་བཅས་ལ་བརྟེན། དུས་རྒྱུན་དུ་༸གོང་ས་མཆོག་གི་བཀའ་སློབ་ཇི་ཕེབས་གཞི་རྩར་བཟུང་སྟེ་བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་སླད་བོད་མིའི་སྒྲིག་འཛུགས་དང་། དགོན་སྡེ་གྲྭ་ཚང་། སློབ་གྲྭ གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག གཞིས་ཆགས་ཁག་བཅས་སོ་སོའི་ནང་ཡོད་པའི་ལས་ཀྱི་སྣེ་མོ་བས་གཙོས་དགེ་བཙུན་རྣམས་དང་། སློབ་ཕྲུག གཞིས་མི་མང་ཚོགས་བཅས་ཚང་མས་བོད་ཀྱི་བདེན་མཐའ་མ་གསལ་བར་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་སོ་སོར་འཁྲིས་པའི་ལས་འགན་རྣམས་འཐུས་ཤོར་མེད་པར་རྒྱུན་སྲིང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༡༩༥༩ ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། རྒྱ་གཞུང་གིས་བོད་ས་ཁྲིམས་འགལ་གྱིས་བཙན་བཟུང་དང་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ལ་ཞི་བའི་སྒེར་ལངས་བྱས་པའི་བོད་ཀྱི་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་ཉིན་མོ་ཞིག་ཡིན་ཞིང། ལྷག་པར་བོད་མི་ཚོའི་བློས་གཏོང་གི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང། རྒྱ་གཞུང་གི་དྲག་གནོན་འོག་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་རྗེས་དྲན་བྱེད་དགོས་པའི་དུས་ཚེས་ཤིག་ཀྱང་ཡིན། དེ་ཡང་དེ་རིང་གི་ཉིན་མོ་འདིར་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་རྒྱ་དམར་གཞུང་གིས་བོད་མིར་བཙན་དབང་གདུག་རྩུབ་བྱས་པར། “བོད་ནི་བོད་མིའི་ཡིན། ཏཱ་ལའི་བླ་མའི་དབང་ཆར་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས།” ཞེས་སོགས་ཞི་བའི་སྒོ་ནས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་པ་དང། བོད་མིའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགྲ་ལག་ཏུ་མ་ཤོར་བར་སྲུང་སྐྱོབ་ཐུབ་ཡོད་པར་དགའ་སྤོབས་བྱེད་ཆོག་པའི་དུས་ཚིགས་ཤིག་དང། ལྷག་པར་དེ་རིང་ནི་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་དཔའ་བོ་དང་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་མྱ་ངན་རྗེས་དྲན་དང་གུས་བཏུད་ཞུ་རྒྱུའི་དུས་ཚིགས་ཤིག་ཀྱང་ཡིན། ཞེས་གསུངས་སོང་།

ཡང་གསུང་འཕྲིན་ནང་། ང་ཚོའི་མི་ཐོག་གོང་མ་རྣམས་ལོ་ ༦༠ ཡི་གོང་བཙན་བྱོལ་དུ་འབྱོར་སྐབས་མ་འོངས་པའི་མདུན་ལམ་ངེས་བརྟན་ཞིག་མེད་ནའང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག ང་ཚོ་འགྱེལ་ས་ནས་ཡར་ལངས་ཏེ་གཞིས་ཆགས་དང་། སློབ་གྲྭ དགོན་སྡེ་སོགས་ཀྱི་རྨང་གཞི་གསར་འཛུགས་དང་འབྲེལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན་བྱེད་ཐུབ་པ་ཙམ་མ་ཟད་འཛམ་གླིང་སྤྱིའི་ཕན་བདེའི་སླད་དར་སྤེལ་གཏོང་ཐུབ་པ་བྱུང་བ་བཅས་ལ་བརྟེན་ནས་འཛམ་གླིང་ནང་གྲུབ་འབྲས་ལེགས་ཤོས་སོན་པའི་བཙན་བྱོལ་སྤྱི་ཚོགས་ཤིག་ཆགས་ཏེ་མི་སྨོན་རང་སྐྱིད་དང་། ལྷག་པར་བོད་ཀྱི་ལོ་རྒྱུས་ཐོག་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་འདིའི་རིང་གཞིས་བཞུགས་བོད་མིས་གཙོས་འཛམ་གླིང་གི་རྒྱལ་ཁབ་གང་སར་གནས་སྡོད་བོད་མི་རྣམས་ནས་མི་རིགས་ཀྱི་ཤ་ཞེན་ལ་རྒྱ་བརྟན་བཟུང་ཐོག་དཀའ་ངལ་ལ་གདོང་ལེན་བྱས་ཏེ་བོད་མི་རིགས་ཀྱི་བདེན་དོན་ཇེ་གསལ་དང། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སླར་གསོ་དང་རྒྱུན་འཛིན་ཐོག་གྲུབ་འབྲས་ཇི་ཐོན་ལ་དགའ་སྤོབས་ཡི་རངས་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། བོད་དང་བོད་མིར་མཐུན་འགྱུར་རོགས་སྐྱོར་གནང་མཁན་ཚོགས་སྒེར་ཡོངས་ནས་ཀྱང་བོད་མིའི་རླབས་ཆེའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་ཡུལ་དུ་ཞིག་ཏུ་གྱུར་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་བཞེད་དང་མཐུན་པར་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་སུ་བསྒྱུར་ཐུབ་པ་དང་། མང་གཙོ་ཆ་ལག་ཚང་བ་ཞིག་ཡོང་ཆེད་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་ཡོད། བོད་མིའི་སྒྲིག་འཛུགས་ནི་གཞིས་བཞུགས་བོད་མི་རྣམས་དང་དེ་བཞིན་ཕྱི་རྒྱལ་རྒྱལ་ཁབ་ ༤༠ ཙམ་དུ་གནས་བཞིན་པའི་བོད་མི་ཡོངས་ཀྱི་ངོ་ཚབ་ཆགས་ཡོད། ཕྱིའི་རྒྱལ་ཁབ་བཅུ་གསུམ་ནང་སྐུ་ཚབ་དོན་གཅོད་ལས་ཁུངས་བཙུགས་ཡོད་པ་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་གཞིས་སྒར་ ༧༡ དང་། དགོན་སྡེ་ཆེ་ཆུང་གྲངས་ ༢༧༦ སློབ་གྲྭ་གྲངས་ ༦༨ གཞིས་སྒར་དེ་དག་ནང་སྨན་ཁང་དང་རྒས་གསོ་ཁང་བཅས་ཇི་ཡོད་ལའང་ལྟ་སྐྱོང་བྱེད་བཞིན་ཡོད།

བོད་དང་བོད་མིར་རྒྱབ་སྐྱོར་ལ་མཚོན་ན། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ ༩༠ ཡོད་པ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་པ་ཆེ་ཤོས་དེ་ཡིན་པ་དང་། དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ནས་འཐུས་མི་ ༥༥ ལྷག་ཡོད་པ་ནི་ཡོ་རོབ་ནང་གྲངས་འབོར་མང་ཤོས་ཡིན། དེ་བཞིན་རྒྱལ་ཁབ་ ༤༠ བརྒལ་བའི་ནང་གྲངས་འབོར་མང་ཉུང་ལ་མ་ལྟོས་པར་གྲོས་ཚོགས་འཐུས་མི་དང། རྒྱལ་ཁབ་ ༥༤ ཡིན་ནང་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་མང་པོ་ཡོད་པ་བཅས་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན། ཞེས་གསུངས་སོང་།

གསུང་འཕྲིན་གྱི་མཇུག་ཏུ། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བསམ་ན་ང་ཚོས་ལས་དོན་བྱས་པ་ལས་བྱེད་རྒྱུ་མང་བ་བསྡད་ཡོད། དེར་བརྟེན་བཀའ་ཤག་གིས་ཕྱི་ལོ་ ༢༠༡༩ འདི་བཞིན་ལག་བསྟར་དམ་བཅའི་ལོར་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ཡིན། ང་ཚོས་བོད་མི་མང་གི་བདེ་དོན་དང་། བོད་ནང་རང་དབང་སླར་གསོ། བོད་མི་རྣམས་ལ་འདྲ་མཉམ་གྱི་ཐོབ་ཐང་བཅས་ཡོང་སླད་དང་། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏཱ་ལར་གདན་ཞུ་བྱས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་ཐུབ་པའི་ཆེད་སྔར་ལྷག་འབད་བརྩོན་ཆེ་བསྐྱེད་བྱ་རྒྱུའི་དམ་བཅའ་བརྟན་པོ་བྱེད་དགོས་པ་ནན་བརྗོད་བྱེད་རྒྱུ་ཡིན།ཞེས་གསུངས་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྷོ་ཨ་ཧྥེ་རི་ཁའི་བྷོ་སི་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་སེ་རི་ཙི་ཀཱ་མཱ་ཨི་ཡན་ཀཱ་མཱ་(Seretse Khama Ian Khama)མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་རིང་བོད་མི་མང་པོ་ཞིག་གིས་རང་གི་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་སྟོན་ཆེད་བོད་ཀྱི་རྒྱལ་དར་ཁྱེར་འདུག་པ་མ་ཟད། འགའ་ཤས་ཀྱིས་རང་གི་ངོ་གདོང་ལ་ཡང་བོད་ཀྱི་རྒྱལ་དར་བྲིས་འདུག དེར་བརྟེན་འདིའི་རྗེས་ལ་ངས་ལག་ཏུ་རྒྱལ་དར་བཟུང་ཞིང་། ངོ་གདོང་ལ་རྒྱལ་དར་བྲིས་པའི་སྐུ་ཞབས་དེ་གཉིས་དང་ལྷན་དུ་པར་ཞིག་བརྒྱབས་ཏེ། ང་རང་ཕྱིར་བྷོ་སི་ཝ་ན་ལ་འབྱོར་དུས་པར་དེ་རྒྱ་ནག་གི་གཞུང་ཚབ་ཁང་ལ་བསྐུར་རྒྱུ་ཡིན།  ཞེས་དང་། བོད་ནང་བོད་མི་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་བ་ཙམ་གྱིས་ཁྲིམས་འགལ་ཚབས་ཆེན་ཆགས་ཀྱི་ཡོད་པ་དང་། ང་ཚོས་བློ་ཕམ་ཆེན་པོའི་ངང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གི་ནང་པའི་རིག་གཞུང་ལ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། བོད་ནང་གི་གྲྭ་བཙུན་རྣམས་ཀྱིས་རང་གི་རྩ་བའི་བླ་མར་རྒྱབ་འགལ་མ་བྱས་ཚེ། དགོན་པ་ནས་གནས་དབྱུང་དང་ཁྲིམས་ཆད་མནར་གཅོད་མྱོང་གི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་ཞེད་སྣང་བྱེད་དགོས་དོན་གང་ཡང་རེད། ༧གོང་ས་མཆོག་ལ་མེ་ཤུགས་འཕུར་མདའ་དང་། དམག་གྲུ། མེ་སྒྱོགས། འཐབ་འཁྲུག་གནམ་གྲུ་སོགས་མེད་ལ། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཡང་གནང་འདོད་མེད་པ་རེད། ཁོང་ལ་ཡོད་པ་ཁོ་ན་ནི་ཡིད་ཆེས་དང་། མི་མང་རྣམས་ལ་བསྩལ་བའི་བྱམས་བརྩེ་རེད།  ཅེས་དང་།  ཡང་ཁོང་གིས། བོད་དོན་འཐབ་རྩོད་དེ་དུས་ཡུན་རིང་པོ་དང་དཀའ་སྡུག་ཅན་ཞིག་ཡིན་ཡང་། བོད་མིའི་སེམས་ཁོངས་སུ་ནམ་ཡང་ཕམ་ཁ་བྱུང་མེད་ལ། བསམ་བློ་རང་དབང་ཅན་དུ་གྱུར་ཟིན་པའི་དངོས་ཡོད་གནས་ཚུལ་དེས་བདེ་ལྷོད་སྦྱིན་སྲིད་པ་དང་། བསམ་བློའི་སྟོབས་ཤུགས་དང་གཅིག་སྒྲིལ་གྱི་ནུས་པས་མཐའ་མཇུག་དེར་བོད་ལ་རྒྱལ་ཁ་འཐོབ་སྲིད་སྐོར་གསུངས་སོང་།གཞུང་འབྲེལ་གྱི་མཛད་སྒོ་གྲོལ་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག སེར་སྐྱ་མི་མང་གིས་དྷ་ཤོད་ཀ་ཅ་རིའི་ཉེ་འགྲམ་དམག་མིའི་རྐང་སྤོལ་ཐང་ཆེན་བར་དུ་གོམ་བགྲོད་ཀྱིས་སྐད་འབོད་གནང་སོང་བ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ནས་ཐུན་མོང་གི་བསྒྲགས་གཏམ་སྤེལ་བའི་ནང་། ད་འདིའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ནང་གནས་བཞིན་པར་དཔེར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁ་ཁུལ་ཁག་གི་ནང་གཞི་རིམ་གྱི་གྲོང་ཚོ་རིམ་པའི་སྲིད་གཞུང་གིས་མངགས་གཏོང་བྱས་པའི་ཚོགས་ཆུང་ ༤༠༠། ༥༠༠། ཁག་བགོས་ཀྱིས་ལས་བྱེད་གྲངས་ ༢༠༠༠༠ གཏན་སྡོད་བྱས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་ཆེད་ཚོགས་འདུ་ཚོགས་པ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གི་ཡིག་ཆར་སློབ་སྦྱོང་བྱེད་དགོས་པ། དྲི་བ་དྲིས་ལན་གྱི་ཐོག་ནས་ཡིག་རྒྱུགས་ལེན་དགོས་པ། ཡིག་རྒྱུགས་མ་ལོན་ན་ཚད་གཞི་མི་འདྲ་བའི་ཉེས་ཆད་གཏོང་བ་སོགས་བོད་མི་རྣམས་ལ་དཀའ་སྡུག་མུ་མཐུད་མྱངས་དང་མྱོང་བཞིན་ཡོད། རྒྱ་ནག་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་སྔར་བཞིན་ཇེ་ཞན་ཞེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་སུ་འགྱུར་བ་གཏན་ནས་མངོན་གྱི་མེད་སྟབས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཡི་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚོགས་པ་རང་རང་སོ་སོ་དང་ཡང་ན་མཉམ་མཐུན་གྱི་ཐོག་སྔར་ལས་ལྷག་རྒྱ་ནག་དམར་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་ངོ་རྒོལ་ལས་འགུལ་འདྲ་མིན་རྒྱུན་མཐུད་སྤེལ་རྒྱུ་ཡིན་ལ། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་དམར་གཞུང་གིས་ཆུང་སྲིད་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བསྐྱར་ནན་ཤུགས་དྲག་ཞུ་རྒྱུ་དང་། རྒྱལ་སྤྱིའི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༣/༡༠

Leave a Reply to ABHARU JIGWANG Cancel Reply

One thought on “བཙན་བྱོལ་གཞུང་མང་གཉིས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་གཙི་གནང་།

  1. ༄༅། རྒྱ་དམར་བོད་ས་བཅོམ་ནས་དྲུག་བཅུ་འཁོར།
    གཉའ་གཉོན་འཇིགས་སྐུལ་བཏང་ནས་དྲུག་བཅུ་འཁོར།
    བོད་མི་འབུམ་ཁྲག་བསད་ནས་དྲུག་བཅུ་འཁོར།
    མི་མང་སྒེར་ལངས་བྱས་ནས་དྲུག་བཅུ་འཁོར།
    དྲུག་བཅུ་འཁོར་བའི་ཉིན་མོ་བརྗེད་མི་རུང།